ལིས་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་འཛིན་དང་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་མོ་སི་ཁོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་འཛིན་དང་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་སྨི་ཧྲུའུ་སི་ཅིན་གྱི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོར་མོ་སི་ཁོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་འཛིན་དང་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ9པར་འཚོགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་གཟབ་ནན་གྱིས་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛམ་གླིང་གི་གནས་བབ་འགྱུར་བར་ཁ་གཏད་འཇལ་བ་དང་། ཁ་ཚ་དགོས་གཏུག་གི་དཀའ་གནད་སེལ་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཆ་རྐྱེན་དང་ནུས་པ་ཡོད་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བཟུང་ནས། “འཛམ་གླིང་བཅོས་སྐྱོང”མངོན་འགྱུར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས། གཅིག་ནི་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། གཉིས་ནི་འཕེལ་རྒྱས་དང་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་གཉིས་ལ་དམིགས་ཏེ། སྒོ་འབྱེད་དང་དཀྱེལ་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱས་ནས། ཡོངས་ཁྱབ་ཀྱི་བདེ་འཇགས་དང་ཡུན་རིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་གསར་གཏོད་དང་ཚུལ་བསྒྱུར་གྱི་གསོན་ཤུགས་ཆེན་པོ་འཕེལ་བར་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རོགས་སྒྲུབ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་སྤེལ་དངུལ་ཁང་གང་མགྱོགས་སྒོས་འཛུགས་རྒྱུ་དང་། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚབ་བརྗེས་རང་བཞིན་གྱི་ནད་རིགས་མཉམ་ལས་ལྟེ་གནས་འཛུགས་རྒྱུའི་གྲོས་འགོ་བཏོན་ནས། བདེ་འཇགས་ལྟེ་གནས་བཞིའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས།

ལིས་ཆང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་སྟེང་། ཚོགས་ཞུགས་འགོ་ཁྲིད་མི་སྣས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་ལོ10ཡི(2026—2035ལོ)འཕེལ་རྒྱས་ཀྱི་འཐབ་ཇུས》ལ་མཉམ་དུ་ཆོག་མཆན་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་སྔར་ལས་དོ་སྣང་བྱས་ཏེ། མཉམ་ལས་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། འཁོར་སྐྱོད་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་ཆད་མེད་པར་ཇེ་ལེགས་དང་ཇེ་སྟོབས་སུ་གཏོང་དགོས།

ཚོགས་ཞུགས་ཀྱི་ཕྱོགས་སོ་སོས་བསྟན་དོན། ཕྱོགས་སོ་སོས་ལག་གདང་སྦྲེལ་ནས་ཐེན་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱེད་པ་དང་། མ་འོངས་པའི་ལོ10ཡི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་དང་། དཔལ་འབྱོར་ཉོ་ཚོང་། བདེ་འཇགས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་བསྟར་བྱས་ནས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་སྲུང་སྐྱོང་བྱ་དགོས།

ཚོགས་འདུ་གྲོལ་རྗེས། ལིས་ཆང་གིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཚོགས་ཞུགས་འགོ་ཁྲིད་མི་སྣ་དང་མཉམ་དུ་མཉམ་འབྲེལ་སྤྱི་བསྒྲགས་དང་།  དེ་མིན་དཔལ་འབྱོར་ཉོ་ཚོང་དང་། ལྕགས་ལམ། སྤྱི་ཚོགས་འཕེལ་རྒྱས་དང་འགན་ལེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་གྱི་འབྲེལ་ཡོད་གྲོས་ཆོད་ལ་ཆོག་མཆན་བཀོད།