ཞིང་ཆེན་གྱི་འགོ་ཁྲིད་ས་གནས་སོ་སོ་དང་ལས་ཁུངས་སོ་སོར་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་རྗེས། རང་ཞིང་གི་གོང་འོག་ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་ཡོད།   བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ཏ་ནན།    ཝུའུ་ལ་ཙི་པེ་ཁི·རུ་སུའུ་ལི་ཧན།  པད་གོ  ཝང་ལེ་མིན། ཉི་མ་སྒྲོལ་མ།    ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཁྲིན་ཅི་ཝེ། ཝང་ཀྲིན་ཁྲང་།    ལིའུ་ཏ་ཡེ། ཀྲང་ཙི་ཅུན་བཅས་གྲོང་ཁྱེར་དང་ཁུལ་སོ་སོ། འབྲེལ་ཡོད་ལས་ཁུངས་སོ་སོར་བསྐྱོད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྟོབས་ཤུགས་ཆེ་རུ་གཏོང་བའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་།  ཚང་འཛོམས་གྲོས་ཚོགས་ཀྱི་སྟེང《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ནས། ང་ཚོས་རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བ་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་མཛུབ་ཁྲིད་དང་རྩ་བའི་གཞིར་འཛིན་ས་འདོན་སྤྲོད་བྱས་ཡོད།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ། གཙོ་གནད་བཀོད་སྒྲིག་བཅས་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་དངོས་གནས་ཤུགས་བསྣན་ཏེ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིའི་སེམས་སུ་འཇགས་པ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་དོན་དངོས་བྱ་བར་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་ས་གནས་དང་རང་སྡེ་ཁག་གི་དོན་དངོས་ལ་གཞི་ཚུགས་ནས། ལག་ལེན་དོན་འཁྱོལ་གྱི་འགོ་རྩོམ་ས་དང་ཤུགས་རྒྱག་ས་ཡང་དག་པར་འཚོལ་དགོས། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་ལས་འགན་དམིགས་འབེན་སྣ་ཚོགས་དང་བྱ་བའི་བྱེད་ཐབས་ཞིབ་ཕྲ་བྱས་ཏེ།    དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

ཤ་བོ་རིན་མཚོས་བསྒྱུར།