

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལུའུ་སཱ་ཁ་རུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མཱ་དང་གྲོས་མོལ་གནང་།
ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལུའུ་སཱ་ཁ་རུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མཱ་དང་གྲོས་མོལ་གནང་།
ལི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཞི་ཆི་ལའེ་མཱར་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡཱ་ནི་སྤུན་ཟླ་དགའ་བོ་དང་གྲོགས་པོ་བཟང་བོ་ཡིན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་མཐོ་རིམ་རྩེ་ཚོགས་སྐབས་སུ་མཇལ་འཛོམས་གནང་སྟེ། ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འཆར་འགོད་མཛུབ་སྟོན་གསར་བ་གནང་། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལག་གདང་མཉམ་སྦྲེལ་སྒོས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཙན་པི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་བས་དམ་པོ་སྒྲིག་འཛུགས་བྱེད་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡས་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་དེ་ཙན་པི་ཡ་ནས་དོན་འཁྱོལ་བྱེད་པའི་གོ་སྐབས་དང་བསྟུན་ནས། ཕྱོགས་གཉིས་ཀའི་ཉོ་ཚོང་གཞི་ཁྱོན་ཇེ་ཆེར་གཏོང་དགོས་ལ། གཏེར་ལས་དང་ནུས་ཁུངས་གསར་པའི་རླངས་འཁོར། མི་ཐབས་རིག་ནུས་སོགས་ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་དང་ཞིང་ལས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀས་རིམ་པ་ཁག་གི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་བཏང་ནས། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཐན་ཙན་ལྕགས་ལམ་ནི་ཀྲུང་གོ་དང་ཐན་ཙན་ནི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། ཕྱོགས་གསུམ་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་འདི་ལེགས་པར་བསྐྲུན་དགོས། ཀྲུང་ཙན་གྱིས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་དང་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱས་ཏེ། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱ་འོས།
ཞི་ཆི་ལའེ་མཱ་ཡིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་ཆབས་ཅིག ཙན་པི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱ་དགོས་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཐན་ཙན་ལྕགས་ལམ་གྱི་རྗེས་མཐུད་ལས་དོན་ལེགས་པར་སྒྲུབ་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། ཙན་པི་ཡཱ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མི་སྣའི་འགྲོ་འོང་། ལྗང་མདོག་གཏེར་ཐོན། གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།