
“ལག་གདང་སྦྲེལ་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བརྗེ་རེས་བགྲོ་གླེང་བྱེད་སྒོ”སྐབས་ལྔ་པ་ཚེས20ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། བྱེད་སྒོར་རྟེན་འབྲེལ་ཞུས་པ་དང་། མཚོ་འགག་འགྲམ་གཉིས་དང་ཞང་ཀང་ཨའོ་མོན་གྱི་ཚོགས་ཞུགས་མི་སྣར་འཚམས་འདྲི་ཞུས།
ཝང་ཧུའུ་ཉིང་གིས་བསྟན་དོན། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་རྒྱལ་ཁ་དང་རླབས་ཆེན་གྱི་གཟི་བརྗིད་རེད། ཐེངས་འདིའི་བྱེད་སྒོས“ལོ་རྒྱུས་མི་བརྗེད་པ་དང་། གྲུབ་འབྲས་སྲུང་སྐྱོང་། ཁྱིམ་གཞིས་སྲུང་སྐྱོང་། འབྱུང་འགྱུར་གསར་གཏོད”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དང་རླབས་ཆེན་གྱི་འཇར་འགོག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་དང་། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བའི་འགྱུར་མེད་ཀྱི་ཆོད་སེམས་དང་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་གང་ལེགས་སྒོས་མངོན་ཡོད།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགོག་ཐབས་མེད་པའི་སྟོབས་ཤུགས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་བཞི་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་མོར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བློ་བརྟན་འགྱུར་མེད་ངང་སྲུང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱ་དགོས།