
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ 《ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། དེ2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》གི་དམིགས་ཡུལ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནུས་ལྡན་ངང་སྔོན་འགོག་དང་གསོད་སྐྱོབ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་སྣོད་བཅུད་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། 《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན63ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།
གཅིག་ནི་སྤྱིའི་བླང་བྱ་ཁ་གསལ་བཟོ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་། ཧུར་བརྩོན་གྱིས་རྩ་མེད་བཟོ་བ། ཚེ་སྲོག་བླ་ན་མེད་པ། བདེ་འཇགས་ཨང་དང་པོར་འཇོག་པ་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ལ། མཐུན་སྦྱོར་མཉམ་འགུལ་དང་། རིམ་བགོས་འགན་འཁུར། ཁོངས་གཏོགས་གཙོར་འཛིན། ཚན་རིག་དང་མཐུན་པའི་གསོད་སྐྱོབ་དང་། མགྱོགས་མྱུར་གྱི་ཚུར་སྣང་། བདེ་འཇགས་ནུས་ལྡན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། གཉིས་ནི་མེ་སྐྱོན་སྔོན་འགོག་བྱ་རྒྱུ་འབུར་དུ་ཐོན་པར་བྱ་དགོས། གསུམ་ནི་མེ་སྐྱོན་གསོད་སྐྱོབ་འཐུས་ཚང་དུ་གཏོང་དགོས། དགོས་མཁོ་ལྟར་དུས་ཐོག་ཏུ་མེ་ཤོར་སའི་གཡུལ་སའི་བཀོད་འདོམས་པུའུ་འཛུགས་དགོས་ལ། ས་གནས་དེ་དང་ཐག་ཉེ་སར་འབྲེལ་ཡོད་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་མེ་སྐྱོན་གསོད་སྐྱོབ་དང་། མེ་སྐྱོན་གྱི་ཉེན་ཁར་འཕྲད་པའི་མང་ཚོགས་དུས་ཐོག་ཏུ་སྐྱོབ་པ་དང་། ཁ་འགྲེམས། ཕྱིར་འཐེན་བཅས་བྱ་དགོས། བཞི་ནི་གནོད་ཐེབས་རྗེས་ཀྱི་བྱ་བ་ཐག་གཅོད་ཡག་པོ་བྱ་དགོས།
གཞན་ཡང་། 《སྲོལ་ཡིག》ནང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་གཏན་འབེབས་བྱས་ཡོད།