མཚོ་ཁུག་ཆེན་མོས་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཡོངས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཉེ་ལམ་ཀོང་ཏུང་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་ལ་རྟོག་ཞིབ་གནང་སྐབས་བསྟན་དོན། “ཐེངས་འདིའི་འགྲན་ཚོགས་སྒྲུབ་པ་བརྒྱུད། རྒྱལ་གཅེས་ཀྱི་སྤྲོ་སེམས་དར་སྤེལ་་དང་བསམ་པའི་འབྲེལ་ཐག་དམ་དུ་སྦྲེལ་བ། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་སྐུལ་འདེད་བཏང་སྟེ། མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ལ་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཟླ11པའི་ཚེས9ཉིན་ནས་ཚེས21ཉིན་བར།  ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་བསྒྲུབ་པའི་ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་མཚོ་ཁུག་ཆེན་མོར་བཀྲགས་མདངས་རྒྱས་སུ་བཅུག་ནས། ལུས་རྩལ་གྱི་ངར་ཤུགས་དང་འགུག་ཤུགས་གསལ་བོར་མཚོན་པར་བྱས་ཤིང་། ས་གནས་གསུམ་གྱིས་སེམས་ཤུགས་གཅིག་སྒྲིལ་དང་བརྗེ་རེས་མཉམ་འདྲེས་བྱས་ནས། མཚོ་ཁུག་ཆེན་མོར་བཀྲགས་མདངས་གསར་བ་རྒྱས་སུ་བཅུག ཟླ11པའི་ཚེས21ཉིན་གྱི་དགོང་མོར། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་ལ་ཉེ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལས་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་གྲུབ་འབྲས་གསར་པ་བདེན་དཔང་བྱས་པར་མ་ཟད། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ཀྱང་གསོན་ཉམས་དོད་པོས་མངོན་པར་བྱས།

མཚོ་ཁུག་ཆེན་མོའི་བཀྲག་མདངས་རྣམ་པར་བཀྲ། ཀྲུའུ་ཅང་གཙང་པོའི་རྦ་རླབས་ལང་ལོང་འཕྱུར། ཟླ11པའི་ཚེས9ཉིན་གྱི་དགོང་མོར། ཀོང་ཏུང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་གློག་སྒྲོན་གསལ་ལ་རྣམ་པར་བཀྲ་ཞིང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

འདི་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་འབྲེལ་སྒོས་སྒྲུབ་ཐེངས་དང་པོ་ཡིན་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྒྲུབ་པའི་ལོ་རྒྱུས་སྟེང་གི་གསར་གཏོད་ཅིག་ཡིན་ལ། མཚོ་ཁུག་ཆེན་མོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན། འགོ་མ་བརྩམ་པའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་དང་ལུས་རྩལ་མ་ལག་གི་སྔོན་ཐོན་ལས་ཁུངས། སྔོན་ཐོན་ཐུན་མོང་། སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་པ་ལ་ཐུགས་བརྩེ་བའི་ངང་མཇལ་འཕྲད་གནང་ནས། ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོར་འབད་འབུངས་ཡར་བརྩོན་བྱེད་པ་དང་ཡང་བསྐྱར་གྲུབ་འབྲས་བཟང་པོ་ལེན་དགོས་ལ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་སྙིང་ཉེ་བའི་ཐུགས་ཁུར་ཡིད་ལ་བརྟན་པོར་བཅངས་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང། ཀྲུང་གོའི་ལུས་རྩལ་པ་རྣམས་ཀྱིས་མཐུན་སྒྲིལ་དང་འབད་བརྩོན། སྡུག་རུས་བཅས་ལ་བརྟེན་ནས་ཨོ་ལམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ལག་ཏུ་བསྟར་བ་དང་། འགྲན་སྡུར་རྣམ་གྲངས8ཀྱིས་འཛམ་གླིང་གི་ཟིན་ཐོ་བསྐྲུན་པ་དང་། འགྲན་སྡུར་རྣམ་གྲངས་ལྔ་ཡིས་འཛམ་གླིང་གི་ན་གཞོན་ཟིན་ཐོའི་རྩལ་འགྲན་གྱི་གྲུབ་འབྲས་བསྐྲུན། དེ་དང་ཆབས་ཅིག  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་དེ་ས་གནས་སོ་སོར་སྔར་བས་དོ་སྙོམས་བྱུང་ཞིང་། རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཕྱིན་པ་གང་ལེགས་སྒོས་མངོན།

མང་ཚོགས་ཀྱི་ལུས་རྩལ་ནི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན། 2017ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྟེང་མང་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཐོག་མར་བཙུགས་པ་དང་། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་། མང་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཆེ་གྲས23དང་ཆུང་གྲས166བར་ཇེ་མང་དུ་བཏང་ལ།  ཟླ2ཚེས20ཉིན་གྲ་སྒྲིག་འགྲན་སྡུར་ཐོག་མ་འགོ་བརྩམས་པ་ནས། ཟླ11ཚེས20ཉིན་བར་རྒྱུན་བསྐྱངས་ཤིང་། ལོ་གཅིག་ཙམ་ཉེ་བའི་རིང་། འགྲན་སྡུར་ཁྲོད་ཐད་ཀར་ཞུགས་མཁན་དང་དེ་བཞིན“ང་ཡང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ”ཡིན་ཞེས་པའི་འགྲན་སྡུར་དུ་ཞུགས་མཁན་མི་གྲངས་ཧ་ལམ་ས་ཡ་གཅིག་དང་འབུམ་གཅིག་ལ་སླེབས། དམངས་ཡོངས་ཞུགས་པ་དང་། རྒན་གཞོན་གྱི་མཛའ་མཐུན་སྐྱོང་བ། ས་ཁོངས་མཉམ་འདྲེས་བཅས་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་དམངས་ཡོངས་ཞུགས་པའི་སྤྲོ་སེམས་རྒྱས་སུ་བཅུག

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མང་ཚོགས་འགྲན་སྡུར་གྱི་བྱ་སྒྲོའི་སྤོ་ལོའི་རྣམ་གྲངས་ཀྱི་འགྲན་ཞུགས་པ་ལིས་ཝང་ཅིན་ཨར་གྱིས་བཤད་རྒྱུར། ང་ཚོ་ཚང་མ་ཆེད་ལས་ལུས་རྩལ་པ་དང་འདྲ་བར་འདི་ལྟ་བུའི་འགྲན་སྡུར་ལོངས་སུ་སྤྱོད་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། ང་སྐབས་གསུམ་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་ཡིན། ངས་མང་ཚོགས(ལུས་རྩལ)གྱི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། ཚད་གཞི་དང་ཆུ་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་པ་ཤེས་ཡོད། རྒྱལ་ཁབ་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་གདལ་དུ་བཏང་ཞིང་། ང་ཚོ་ལས་ཞོར་དགའ་མོས་པ་ལ་མཚོན་ན། གོ་སྐབས་འདི་ལྟ་བུས་ང་ཚོར་ལས་སྟེགས་སྐྲུན་ཡོད་སྟབས། ངས་བརྒྱུད་རིམ་འདི་ཉམས་སུ་མྱོང་བཞིན་ཡོད།

ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་འགྲན་སྡུར་ཞིག་ཡིན་པར་མ་ཟད། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་ས་ཁོངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་དུས་རབས་ཀྱི་འགྲན་ཚོགས་གཟབ་རྒྱས་ཤིག་ཀྱང་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་ཐོག  གཞུང་ལམ་རྐང་འཁོར་འགྲན་སྡུར་དེ“འགྲན་སྡུར་གཅིག་གིས་ས་ཁུལ་གསུམ་བརྒལ་བ”དང་རྒྱལ་ཁོངས་བརྒལ་ནས“ཚོར་མེད་འགག་སྒྲོལ”མངོན་འགྱུར་བྱུང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་ས་ཁུལ་གསུམ་གྱིས་མཉམ་འབྲེལ་སྒོས་ཚོགས་སྒྲིག་བྱས་པ་བརྒྱུད། འབྲུག་གྲུ་རྐྱལ་བའི་འགྲན་སྡུར་དང་། སེང་བྲོ་འཁྲབ་པའི་དགའ་སྤྲོའི་ཀློང་ནས་བརྗེ་རེས་ཟབ་མོ་བྱས། གྲོང་ཁྱེར་བརྒལ་ནས་འགྲན་སྡུར་བལྟས་ཤིང་མི་སེམས་གཅིག་ཏུ་སྦྲེལ་ནས། དབུས་ཁུལ་མང་ཚོགས་དང་། ཞང་ཀང་དང་ཨའོ་མོན་སྤུན་ཟླའི“གཅིག་སེམས་གཅིག་ལ་མཐུན་ཞིང་བརྩེ་བ་ཇེ་ཟབ་ཏུ་ཕྱིན། ”

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཉམ་འབྲེལ་རུ་ཁག་གི་རྩལ་འཁྲིད་པ་ལེང་ཀོང་ཀྲའོ་ཡིས་བཤད་རྒྱུར།  ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཉམ་འབྲེལ་གྱིས་རུ་ཁག་སྒྲིག་ནས་འགྲན་སྡུར་ལ་ཞུགས་པ་ནི། གཟི་བརྗིད་དང་ང་རྒྱལ་ཞིག་ཀྱང་ཡིན། ས་ཁུལ་གསུམ་གྱི་ལུས་རྩལ་པའི་ཐོབ་ཐང་ཕན་ཚུན་ཁས་ལེན་བྱས་པ་བརྒྱུད། སྦྱོང་བརྡར་གྱི་ཐོན་ཁུངས་མཉམ་སྤྱོད་བྱས་པས། ང་ཚོའི་ལུས་རྩལ་རུ་ཁག་གི་རིམ་པ་སྤར་བའི་ཐད་ལའང་རྣམ་པ་བཟང་པོ་མངོན་།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ལག་སྟོང་རྩལ་གྱི་སྐྱེས་པའི་ཚོགས་པའི་གསེར་གྱི་རྟགས་མ་ཐོབ་མཁན་ཀུའོ་ཅན་ཧིན་གྱིས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐད་ནས་རྒྱལ་ཁབ་ཀྱིས་ང་ཚོ་ས་ཁུལ་གསུམ་ལ་མཉམ་འབྲེལ་སྒོས་སྤེལ་དུ་བཅུག ང་ཚོར་མཚོན་ན་ཚད་མཐོའི་མཐོང་ཆེན་དང་ཡིད་ཆེས་ཤིག་ཀྱང་རེད། མི་གཅིག་སོང་ན་མགྱོགས་པོར་འགྲོ་ཐུབ་པ་ཡིན་མོད། ཚོགས་པ་གཅིག་ལམ་དུ་ཕྱིན་ན་དེ་བས་ཐག་རིང་པོར་འགྲོ་ཐུབ་ངེས།

ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་“ལྗང་མདོག་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་”བཅས་ཀྱི་འགྲན་སྡུར་སྒྲུབ་པའི་འདུ་ཤེས་བཟུང་ནས། འཛུགས་སྐྲུན་བསྐྱར་ཟློས་མི་བྱེད་པ་དང་ལུས་རྩལ་ར་བ་ཆེ་གྲས་གསར་དུ་མི་བསྐྲུན་པར། འགྲན་ར་90%ཡན་གྱིས་ད་ཡོད་འགྲན་ར་སྒྱུར་བཀོད་རིམ་སྤར་བྱས་པར་མ་ཟད། སྒྱུར་བཀོད་ཀྱི་ཐོག་མའི་དུས་ནས་བཟུང་འགྲན་སྡུར་མཇུག་སྒྲིལ་རྗེས་ཀྱི་སྤྱི་བའི་བེད་སྤྱོད་དང་། གྲོང་མིའི་ལུས་སྦྱོང་གི་དགོས་མཁོར་མུ་མཐུད་དུ་ཞབས་འདེགས་ཞུ་རྒྱུར་དམིགས་ཡོད། དེ་དང་ཆབས་ཅིག   ལྗང་གློག་དང་འཁོར་རྒྱུག་རྒྱུ་ཆ་རྒྱ་ཁྱབ་ངང་སྤྱོད་པར་མ་ཟད། ད་དུང་སྐབས་དང་པོའི“ཐཱན་སྙོམ་སྦྱོར”གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱང་བསྐྲུན།

ཀོང་ཀྲོའུ་ཡི“ལོ་ངོ་སྟོང་གི་ཚོང་གྲོང”གི་ལོ་རྒྱུས་རིག་གནས་ཀྱི་འབྱུང་རྩ་ནས་ཧྲིན་ཀྲིན་གྱི“དཔྱིད་ཀའི་གཏམ་རྒྱུད”ཀྱི་སྒོ་འབྱེད་ཀྱི་གསོན་ཤུགས་བར་དང་། ཞང་ཀང་ཞང་ཅང་གཙང་པོའི་འགྲམ་གྱི་གྲོང་ཁྱེར་གྱི་དར་རྒྱས་ནས།   ཨའོ་མོན་གྱི་ཏ་སན་པ་ཕེ་ཧྥང་ཆེན་མོའི་འོག་གི་ཀྲུང་ནུབ་མཉམ་འདྲེས་བར་དུ།   ས་ཁུལ་གསུམ་གྱིས་འགྲན་བསྡུར་སྐབས་ཀྱི་ཟས་སྡོད་དང་།  འགྲིམ་འགྲུལ།  སྨན་བཅོས་སོགས་ཀྱི་ཕྱོགས་བསྡུས་འགན་སྲུང་ཇུས་གཞི་མཉམ་དུ་བཟོས་ཏེ།   ལུས་རྩལ་པ་དང་།   ལག་རྩལ་དཔོན་རིགས།   སྨྱན་སྦྱོར་བཅས་ཀྱི་གསར་འགོད་པར་དྲོད་ཁོལ་ལྡན་པའི་ཞབས་ཞུ་རབ་དང་རིམ་པ་མཁོ་འདོན་བྱས་ནས།   དང་བླངས་པ་ཁྲི་ལྔ་ཙམ་གྱིས་མགྲོན་པོ་ཚང་མ་རང་ཁྱིམ་དུ་ལོག་པ་ལྟ་བུའི་སྣང་བ་བྱིན།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་ཁུག་ཆེན་མོའི་ཁུལ་དུ་བྲིས་པའི་ཐུགས་འདུན་གསལ་པོར་བསྟོད་བསྔགས་བྱེད་འོས།   ལུས་རྩལ་གོང་འཕེལ་གཏོང་རྒྱུ་དེའང་ཐུགས་འདུན་གྱི་ཆ་ཤས་ཤིག་ཡིན་ལ།    ཀྲུང་གོའི་ལུས་རྩལ་སྒྲིག་བཀོད་ཀྱི་སྤྱོད་རུང་རང་བཞིན་ནི་ངས་ལྟ་ཞིབ་བྱས་པའི་འགྱུར་ལྡོག་ཆེ་ཤོས་ཀྱི་གྲས་ཤིག་ཡིན་སྲིད།   ཆེད་ལས་ལུས་རྩལ་པར་ཞབས་འདེགས་ཞུ་ཐུབ་ལ་སྡེ་ཁུལ་གྱི་དམངས་ཚོགས་ལའང་ཕན་པ་ཐོབ་པས་འཕེལ་རྒྱས་ཀྱི་འདུ་ཤེས་དེར་སྟོབས་ཤུགས་ཀྱིས་ཁེངས་ཡོད།

བློ་སེམས་གཅིག་མཐུན་དང་།   མཉམ་སྐྱོད་མཉམ་རྒྱལ།  ཕུགས་འདུན་མངོན་འགྱུར་བཅས་བྱ་དགོས། འགྲན་ལམ་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྒྱུར་བ་དང་།   རྩལ་འགྲན་ལ་བརྟེན་ནས་མཉམ་འདྲེས་ཀྱི་འགུལ་ནུས་གཅིག་སྒྲིལ་བྱས་ལ།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པས་མཚོ་ཁུག་ཆེན་མོའི་ཁུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་རྣམ་པ་བྲིས་ནས།  ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོར་བདེན་དཔང་བྱས་ཡོད་ལ།  རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་འབོད་པར་སྔར་བས་སྐུལ་མ་ཐེབས་ཡོད།