ཝང་ཧུའུ་ཉིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་21ནས23ཉིན་བར་ཀོང་ཏུང་ཧྲིན་ཀྲིན་དང་ཧུའེ་ཀྲོའུ་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས21ཉིན། ཝང་ཧུའུ་ཉིང་ཧྲིན་ཀྲིན་གྲོང་ཁྱེར་གྱི་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་གནང་ནས། ཧྲིན་ཀྲིན་གྲོང་ཁྱེར་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལ་འཚམས་འདྲི་གནང་བཞིན་པའི་པར་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་21ནས23ཉིན་བར་ཀོང་ཏུང་ཧྲིན་ཀྲིན་དང་ཧུའེ་ཀྲོའུ་རུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་མི་དམངས་སྲིད་གྲོས་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་མི་སེམས་གཅིག་སྒྲིལ་དང་། ལྟ་བ་གཅིག་མཐུན། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པ་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་21ནས23ཉིན་བར་ཀོང་ཏུང་ཧྲིན་ཀྲིན་དང་ཧུའེ་ཀྲོའུ་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས23ཉིན། ཝང་ཧུའུ་ཉིང་གིས་ཧུའེ་ཀྲོའུ་རུ་ཏུང་ཅང་གཞུང་སྒྲིག་རུ་ཁག་གི་དྲན་གསོ་ཁང་ལ་ལྟ་ཞིབ་གནང་བཞིན་པའི་པར་རེད།

ཝང་ཧུའུ་ཉིང་གིས་ཆན་ཧའེ་ཟབ་མཚོ་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཁུལ་གྱི་ངོ་སྤྲོད་ལ་གསན་རྗེས། ཆན་ཧའེ་ཟབ་མཚོ་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་མོའི་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་སྔར་ལས་ཆེ་བ་འདོན་དགོས་ཞེས་བསྟན། ཏུང་ཅང་གཞུང་སྒྲིག་རུ་ཁག་གི་དྲན་གསོ་ཁང་ལ་ལྟ་སྐོར་བྱེད་སྐབས། ཁོང་གིས། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཞེས་བསྟན། དམངས་གཉེར་ཁེ་ལས་ལ་རྟོག་ཞིབ་གནང་སྐབས་ཁོང་གིས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏིག་བྱས་ཏེ། དམངས་གཉེར་ཁེ་ལས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན། ཐའེ་ཝན་གྱི་དངུལ་འཇོག་ཁེ་ལས་ལ་རྟོག་ཞིབ་གནང་སྐབས། ཁོང་གིས་འགྲམ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཐའེ་ཝན་གྱི་དངུལ་འཇོག་ཁེ་ལས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་བྱེད་པར་རོགས་རམ་བྱེད་དགོས་པ་བསྟན། པོ་ལུའོ་རྫོང་ཀོ་ཆན་སྡེ་བར་རྟོག་ཞིབ་གནང་སྐབས། ཁོང་གིས་ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཞིང་སྡེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་བསྟན། ལུའོ་ཧྥུ་ཧྲན་ཆོས་ལུགས་རིག་གནས་ལོ་རྒྱུས་དང་ཆོས་ལུགས་ལས་དོན་དོ་དམ་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་ད་དུང་ཧྲིན་ཀྲིན་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་དང་། ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་ཁྲེང་ཆུའུ་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་གནང་བར་ཕེབས། ཧྲིན་ཀྲིན་གྲོང་ཁྱེར་དང་ཧུའེ་ཀྲོའུ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་། ཁོང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་འཐབ་ཇུས་གལ་ཆེན། ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཧུར་ཐག་གིས་གྲོས་མོལ་སྲིད་གླེང་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གླེང་ཇུས་འདོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་དགོས།

ཧོང་ཁུན་མིང་། ཝང་ཏུང་ཧྥུང་གིས་མཉམ་དུ་རྟོག་ཞིབ་བྱས།