ལི་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པའི་དུས་རིམ་གཉིས་པ་དང་གསུམ་པའི་ཚོགས་འདུར་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཟླ11པའི་ཚེས22ཉིན་དང་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཡུའེ་ཧན་ནེ་སི་པའོ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པའི་དུས་རིམ་གཉིས་པ་དང་གསུམ་པའི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ལི་ཆང་གིས་བསྟན་དོན། མིག་སྔའི་གནམ་གཤིས་འགྱུར་ལྡོག་དང་། ནུས་ཁུངས། འབྲུ་རིགས་སོགས་འགྲན་སློང་སྣ་ཚོགས་གཅིག་ཐོག་གཅིག་བརྩེགས་ཡིན་པས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྔར་ལས་རྒྱ་ཆེ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འགྲན་སློང་ལ་ཁ་གཏད་དགོས། གཅིག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་མཉེན་ཆ་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ“ཁུན་མིང་མོང་ཐེ་ལིར་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིའི”ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཐེངས་སུམ་ཅུ་པའི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་གྲུབ་འབྲས་གང་མགྱོགས་སྒོས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད། གཉིས་ནས་ལྗང་མདོག་ནུས་ཁུངས་མཉམ་ལས་ལ་ཤུགས་བསྣན་ནས་དྲང་གཞག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་ནས་རང་ནུས་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་ནུས་ཁུངས་ཚུལ་སྒྱུར་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། གསུམ་ནས་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་འདོན་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་མཉམ་ལས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱ་རྒྱུར་བྱས་རྗེས་གསར་པ་འཇོག་འདོད་ཡོད།

ལི་ཆང་གིས་བསྟན་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་སྔར་བྱུང་མ་མྱོང་པའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད། འོན་ཀྱང་འདྲ་མཉམ་མིན་པ་དང་འཕེལ་རྒྱས་ཀྱི་འོབས་དོང་གསར་པ་ཞིག་གྲུབ་ཀྱང་སྲིད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཕྱོགས་སོ་སོའི་སྒོ་འབྱེད་མཉམ་རྒྱལ་དང་གོ་སྐབས་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་ནི་མི་ཐབས་རིག་ནུས་ཁྱབ་གདལ་བེད་སྤྱོད་དང་བཅོས་སྐྱོང་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སྔར་ལས་མང་བ་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་དང《སྒོ་འབྱེད་ཚན་རིག་རྒྱལ་སྤྱིའི་མཉམ་ལས་འགུལ་སྐྱོད་འཆར་གཞིའི》ནང་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། གཉིས་ནི་འགག་རྩའི་གཏེར་ཁའི་གཉིས་ཕན་མཉམ་ལས་དང་ཞི་བའི་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོ《ལྗང་མདོག་གཏེར་རྫས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་འགོའི》ནང་ཧུར་ཐག་གིས་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། གསུམ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་ནུས་པ་དང་དམངས་འཚོའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མན་ཏི་ལ་མཚོ་ཁུག་གི་དམིགས་འབེན་དོན་འཁྱོལ་བྱས་ཏེ། ན་གཞོན་སྔར་ལས་མང་པོ་ཞིག་ལ་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ཁྲོད་ནས་ཁེ་བཟང་ཐོབ་པར་བྱེད་འདོད་ཡོད།

རྩེ་ཚོགས་ལས《རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥེ་རི་ཁ་ལྷོ་མའི་རྩེ་ཚོགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་། རྩེ་ཚོགས་ཀྱི་སྐབས་སུ། ལི་ཆང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་དང་། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་། ཨན་ཀོ་ལའི་སྲིད་འཛིན་ལུའོ་ལུན་སུའོ། སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ཝུའེ་སོགས་དང་མཛའ་མཐུན་ངང་དགོངས་ཚུལ་བརྗེ་རེས་གནང་།