
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཡིན་པས། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་སྟེང་བཏོན་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྲ་ཞིང་བརྟན་པའི་དངོས་པོའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།”
མིག་སྔར། རང་རྒྱལ་གྱིས་སྤུས་ལེགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་པ་དང་། དཔེ་སྟོན་སྐྱེད་སྲིང་དང་ལག་རྩལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བརྒྱུད་ནས། དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཡངས་ཤིང་ཆེ་བའི་ས་གཞི་ཆེན་མོར། ཀྲུང་གོའི་ཐོན་ལས་ཀྱི་སྒུལ་ཤུགས་གསར་བར་ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད།
འབྲི་ཆུའི་ཟུར་གསུམ་གླིང་གི་བཟོ་ལས་དྲ་སྦྲེལ་སྟེགས་བུའི་སྟེང་། སྐར་མ་རེར་གཞི་གྲངས་སྣ་ཚོགས་ཁྲི་གཉིས་ཀྱི་གྲངས་ཀའི་མ་ལག་དུས་ལྟར་འཁོར་རྒྱུག་བཀོད་གཏོང་བྱེད་ཀྱིན་ཡོད་པ་དང་། ཆ་སྙོམས་ཀྱིས་སྐར་ཆ8ཀྱི་ནང་འཁྱགས་སྒམ་གཅིག་རེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་ཀྱིན་ཡོད། དུས་མཉམ་དུ། ཀྲུའུ་ཅང་ཟུར་གསུམ་གླིང་གི་སྒྲོན་སྟེགས་བཟོ་གྲྭ་རུ། རླངས་འཁོར་གཅིག་བཟོ་སྐྲུན་བྱེད་པར་སྒེར་གཤིས་ཅན་གྱི་འདེམས་སྒྲིག་ཇུས་གཞི་སྣ་འབུམ་གཅིག་དང་ཚོན་སྣ100ལྷག་ཙམ་དུས་ཐོག་ཏུ་བརྗེ་བཞིན་ཡོད། ཤར་རྒྱུད་མཚོ་ངོགས་ཀྱི་ཁྲལ་སྲུང་གླིང་ཁུལ་དུ། རྒྱལ་མཚམས་ལས་བརྒལ་བའི་གཞི་གྲངས་མགྱོགས་མྱུར་ངང་ཐོན་བཞིན་ཡོད་པ་དང་། སྐར་ཆ་གཅིག་ཙམ་གྱི་དུས་ཚོད་ནང་ཚོང་ཟོག་ཁག་ཅིག་ཞིབ་བཤེར་གྱི་འགག་སྒོ་ལས་སྒྲོལ་ནས། ཀྲུང་གོས་བཟོ་སྐྲུན་བྱས་པའི་ཚོང་ཟོག་དག་གཞི་གྲངས་ཕྱོགས་སྟོན་བརྒྱུད་ནས་གོ་ལ་ཧྲིལ་པོར་ཤར་གཏོང་བྱེད་ཀྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དངོས་ཕུང་དཔལ་འབྱོར་འདེགས་སྐྱོར་དུ་གྱུར་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་མཐོང་ཆེན་གནང་བཞིན་ཡོད་པ་དང་། ཐེངས་མང་པོར་བཟོ་གྲྭའི་འཁོར་ཁང་དང་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་ཕེབས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཁོང་གིས“རང་བརྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློས་འགེལ་ཐུབ་པ། འགྲན་རྩོད་ནུས་པ་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་དགོས”ཞེས་ནན་གྱིས་གསུང་བ་དང་། “རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁྱད་ཆོས་དང་ཆ་ཚང་རང་བཞིན་དང་སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་བླང་བྱ་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས”ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྲེང་ཁྲའོ་ཞུན་གྱིས་བཤད་རྒྱུར། དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་མཚོན་པ་ནི་ཐོན་ལས་གྲུབ་ཚུལ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་སྒུལ་ཤུགས་ཀྱི་འགྱུར་ལྡོག རྒྱུ་རྐྱེན་གཙོ་བོའི་འབྲེལ་བའི་འགྱུར་ལྡོག་བཅས་རེད། ཐོན་ལས་མ་ལག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སོགས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་དང་སྔར་ལས་མཐུན་པ་བྱས་ཡོད་ཅིང་། དེས་སྤྱི་ཁྱབ་ཧྲུའུ་ཅིས་ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱུང་ཡོད་པ་མཚོན་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ། རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་མང་པོའི་རིང་ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་ཡོད། ཞིང་ཆེན་རིམ་པའི་གཞི་གྲངས་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་ཁྲི་གཅིག་ལྷག་འཛུགས་སྐྲུན་བྱས་ནས་སྤྱོད་འགོ་ཚུགས་པ་དང་། རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ6430གཉེར་སྐྱོང་བྱས་ཡོད། རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་སྤྱི80རྩ་བ་ཚུགས་ནས་འཚར་ལོངས་འབྱུང་བཞིན་ཡོད་པས། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་ཁག་ཅིག་མགྱོགས་མྱུར་ངང་བྱུང་དང་འབྱུང་བཞིན་ཡོད།
ད་ལོ་ནས་བཟུང་། རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཐད“འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ”དང་། “གསོན་ཤུགས་གསར་པ”མཚམས་མ་ཆད་པར་རྒྱས་ཡོད། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན་གྱི་སྤོ་བསྒྱུར་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། བཅུ་ཆའི་བརྒྱད་ལས་བརྒལ་བའི་ངར་ལྕགས་ཁེ་ལས་ཀྱིས་རིག་ནུས་ཕྱོགས་བསྡུས་ཚོད་འཛིན་ལྟེ་གནས་བསྐྲུན་ཡོད་པ་དང་། རྡོ་སོལ་ཐོན་ནུས་ཀྱི་ཕྱེད་ཀའི་ཡན་གྱིས་གཞི་གྲངས་ཅན་གྱི་སྔོག་འདོན་མངོན་འགྱུར་བྱས་ཡོད། འཁེལ་འཐག་ལས་རིགས་ཀྱི་ཁེ་ལས་གཙོ་བོའི་འགག་རྩའི་ལས་རིམ་གཞི་གྲངས་ཅན་དུ་འགྱུར་ཚད60%ལས་བརྒལ་ཡོད། ཉེ་སྔོན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོ་ཤོས་མཚོན་པའི་སྣེ་འདྲེན་རིག་ནུས་བཟོ་གྲྭ་སྐོར་དང་པོའི་སྐྱེད་སྲིང་མིང་ཐོ་དངོས་སུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད། མིང་ཐོ་དེར་ངར་ལྕགས་དང་རྡོ་སྣུམ་རྫས་འགྱུར། འཛད་སྤྱོད་དངོས་པོ། སྒྲིག་ཆས་བཟོ་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཁྱབ་ཁོངས་འདི་དག་གིས་གོ་ལ་ཧྲིལ་པོའི་གཏན་སྲོལ་བདེ་མྱུར་ཅན་སོགས་ཁྱད་ལྡན་བཟོ་སྐྲུན་གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱ་རྒྱུ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྒྲིག་ཆས་བཟོ་ལས་སི་དང་པོའི་སི་ཀྲང་གཞོན་པ་ཝང་ཧུང་གིས་བཤད་རྒྱུར། རང་རྒྱལ་གྱིས་རིག་ནུས་བཟོ་གྲྭའི་སྐས་རིམ་ལྟ་བུའི་སྐྱེད་སྲིང་མ་ལག་བཙུགས་ཟིན་པ་དང་། འགག་རྩའི་ལག་རྩལ་གྱི་ཆུ་ཚད་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་ཡོད། རིག་ནུས་བཟོ་གྲྭ་འཛུགས་སྐྲུན་བྱས་པ་བརྒྱུད་ནས། རིག་ནུས་བཟོ་སྐྲུན་གྱི་སྒྲིག་ཆས་དང་མ་ལག་གསར་གཏོད་འཕེལ་རྒྱས་ལ་ནུས་ལྡན་གྱིས་སྣེ་ཁྲིད་བྱས་ཡོད་ཟེར།
ད་ལོའི་དུས་ཚིགས་སྔོན་མ་གསུམ་ལ། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཉམ་ལས9.6%འཕར་བ་དང་། བཟོ་ལས་འཕྲུལ་མིའི་ཐོན་འབོར30%ཙམ་འཕར་ཡོད། མི་མེད་གནམ་གྲུའི་བཟོ་སྐྲུན་དང་ཕྱིར་འཚོང་གི་ཡོང་འབབ་བརྒྱ་ཆའི70ལ་ཉེ་བ་འཕར་སྣོན་བྱུང་བ་དང་། གསར་དར་ཐོན་ལས་ལ་སྐྱེ་སྟོབས་རྒྱས་བཞིན་ཡོད། མིས་བཟོས་རིག་ནུས་དང་ཀླད་འཕྲུལ་མཐུད་ཁ་སོགས་ལག་རྩལ་གསར་ཤོས་མགྱོགས་མྱུར་བཀོད་སྒྲིག་བྱས་ནས།“སྟོབས་ནུས”གསར་གཏོད་དེ་དཔལ་འབྱོར“སྒུལ་ཤུགས”སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་ཧོང་ཧན་ཆོན་གྱིས་བཤད་རྒྱུར། གསར་སྐྲུན་སྣེ་ཁྲིད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱིས་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱིས་ཟིན་པའི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད། དེ་བཞིན་དུ་ལྗང་མདོག་ཐོན་སྐྱེད་མ་ལག་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་པས། དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད་ཟེར།
མིག་སྔར་ས་གནས་ཁག་གིས་བྲེལ་འཚུབ་ཀྱི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཇུས་འགོད་བྱེད་བཞིན་ཡོད། ཧུའུ་ནན་ཞིང་ཆེན་གྱིས་སྒོར་ཐེར་ཆེན་ལྔ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དགུ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད་པ་དང་། གཙོ་བོ་ངར་ལྕགས་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས། ལྕགས་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ཐོན་ལས་སྦྲེལ་ཐག13ལ་དམིགས་ཡོད།
ཨན་ཧུའེ་རུ་ཚད་རྡུལ་ཚན་རྩལ་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རང་འགུལ་གྱིས་སྒོ་ཕྱེས་པའི་ལས་འགུལ་སྤེལ། སྲིད་གཞུང་ལས་ཁུངས་ཀྱི་གནས་ཡུལ་སྟོང་གཅིག་ལས་བརྒལ་བ་བཏོན་ནས། གསར་གཏོད་ལག་རྩལ་མགྱོགས་མྱུར་གྱིས་ཁྱབ་གདལ་དུ་གཏོང་རྒྱུ་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཏེ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དང་ཇེ་སྟོབས་སུ་གཏོང་རྒྱུ་དེ་འཐབ་ཇུས་ལས་འགན་གྱི་ཆེས་གཙོ་བོར་འཇོག་དགོས་པའི་བླང་བྱ་བཏོན། ཁ་ཕྱོགས་དེ་གཏན་འཁེལ་བྱས་ནས་རྒྱུན་ཆད་མེད་པར་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཀྱི་ལེའུ་གསར་བ་རྩོམ་དགོས་པ་དང་། དངོས་སྒྲུབ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གྱི་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།