ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཁ་པར་གྱི་ལམ་ནས་གླེང་མོལ་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ11པའི་ཚེས24ཉིན་གྱི་དགོང་མོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཁ་པར་གྱི་ལམ་ནས་གླེང་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན།  ཟླ་སྔོན་མར་ང་ཚོས་ལྷོ་ཁོ་རེ་ཡའི་ཧྥུའུ་ཧྲན་དུ་བདེ་བླག་ངང་གྲོས་མོལ་བྱས་ཏེ།  ཐུན་མོང་གི་ལྟ་བ་གང་མང་བྱུང་བ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་ཡང་དག་པའི་ཁ་ཕྱོགས་སུ་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་སྒུལ་ཤུགས་བསྣན་ལ།  འཛམ་གླིང་ཡོངས་ལ་ཡར་རྒྱས་ཀྱི་བརྡ་རྟགས་བརྒྱུད་སྤྲོད་བྱས། ཧྥུའུ་ཧྲན་གྲོས་མོལ་གྱི་ཚུན་ལ།  ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་དང་བཟང་ཕྱོགས་སུ་སྐྱོད་ཀྱིན་ཡོད། རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དགའ་བསུ་ཐོབ་ཡོད་པ་དང་།  དོན་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས“མཐུན་ན་ཕྱོགས་གཉིས་ལ་ཕན་པ་དང་། འཐབ་ན་ཕྱོགས་གཉིས་ལ་གནོད་པ”ནི་ཡང་དང་ཡང་དུ་ལག་ལེན་གྱིས་ར་སྤྲོད་བྱས་པའི་རྒྱུན་ཤེས་ཡིན་པ་གསལ་བཤད་བྱས།  ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་དར་རྒྱས་ཡོང་བར་བྱེད་པ་ནི་མིག་མཐོང་ལག་ཟིན་གྱི་དོན་དངོས་ཞིག་ཡིན།  ཕྱོགས་གཉིས་ཀྱིས་འཕེལ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་པ་དང་།  ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  འདྲ་མཉམ་དང་བརྩི་འཇོག  གཉིས་ཕན་བཅས་ཀྱི་རྣམ་འགྱུར་བཟུང་ནས།  མཉམ་ལས་ཀྱི་གསལ་ཁྲ་ཇེ་མང་དང་གནད་དོན་གྱི་གསལ་ཁྲ་ཇེ་ཉུང་དུ་གཏོང་དགོས་ལ། དགེ་མཚན་ལྡན་པའི་འཕེལ་རྒྱས་གང་མང་བརྩོན་ལེན་བྱས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བར་མཉམ་ལས་ཀྱི་བར་སྟོང་གསར་བ་འབྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་དགོས།

ཐི་ལིང་ཕུའུ་ཡིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེ་བའི་འགོ་ཁྲིད་པ་ཞིག་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཧྥུའུ་ཧྲན་དུ་མཇལ་འཛོམས་བྱུང་བར་ཧ་ཅང་སྤྲོ་བོ་བྱུང་བ་དང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྐོར་གྱི་ཁྱེད་ཀྱི་ལྟ་སྟངས་ལ་ཡང་ཡོངས་སུ་འཐད་པ་ཡིན།  ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ནས་ཧྥུའུ་ཧྲན་མཇལ་འཛོམས་སྐབས་བྱུང་བའི་ཐུན་མོང་གི་ལྟ་བ་དོན་འཁྱོལ་བྱེད་བཞིན་ཡོད།  ཀྲུང་གོས་སྔོན་ཆད་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པར་ནུས་པ་གལ་ཆེན་ཐོན་ཡོད་ལ།  ཀྲུང་གོའི་ཐེ་ཝན་གནད་དོན་གྱི་གལ་ཆེན་རང་བཞིན་ལ་ཨ་རི་ཕྱོགས་ཀྱིས་རྒྱུས་ལོན་ཡོད་ཅེས་བསྟན།

རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་གླེང་མོལ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་ཡི་ཕྱོགས་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།  ཕྱོགས་སོ་སོའི་འགལ་བ་རྒྱུན་མཐུད་ངང་ཇེ་ཆུང་དུ་བཏང་ནས།  སྔ་མོ་ནས་འདྲ་མཉམ་དང་ཡུན་རིང་། ཚོད་འཛིན་ནུས་པ་ལྡན་པའི་ཞི་བདེའི་གྲོས་ཆོད་བཀོད་ནས།  རྩ་བའི་སྟེང་ནས་ཉམས་ཉེན་འདི་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་གསུངས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།