
ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བདུན་པ་ཚེས25ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བར་མ་ཟད་ཤིས་ཚིག་ཕུལ། ཏིང་ཞུའེ་ཞང་གིས་བསྟན་དོན། ད་ལོའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐེངས་མང་པོར་མཇལ་འཕྲད་དང་ཁ་པར་གྱི་ལམ་ནས་གྲོས་གླེང་མོལ་གནང་བར་མ་ཟད། ཀྲུང་གོ་དང་ཨུ་རུ་སུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་སླར་ཡང་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་བྱས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྒྱ་ཆེ་རུ་གཏོང་བ་དང་། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་ལ། ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ལ་གོ་སྐབས་གསར་པ་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱས་ཏེ། ནུས་རྒྱུའི་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། མཉམ་ལས་གཉིས་རྒྱལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཏིང་ཞུའེ་ཞང་གིས་ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ཐད་གྲོས་འགོ་ཁག3བཏོན་པ་སྟེ། གཅིག་ནི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ནུས་ཁུངས་རྒྱལ་ཁོངས་ལས་བརྒལ་བའི་བགྲོད་ལམ་བདེ་འཇགས་དང་བརྟན་བརླིང་འཁོར་སྐྱོད་ཡོང་བར་འགན་སྲུང་བྱེད་པ། ནུས་ཁུངས་ཉོ་ཚོང་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱ་དགོས། གཉིས་ནི་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཧུར་ཐག་གིས་ཉེར་སྤྱོད་བྱེད་སྟངས་རྒྱ་བསྐྱེད་དགོས་ལ། སླར་སྐྱེས་ནུས་ཁུངས་སོགས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། གསུམ་ནི་ཕྱོགས་མང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དེ་ནུས་རྒྱུའི་ཁྱབ་ཁོངས་སུ་ལག་བསྟར་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྲོམ་རར་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་བ་སྣོན་དགོས། ཨུ་རུ་སུའི་སྲིད་འཛིན་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཨུ་རུ་སུའི་རྡོ་སྣུམ་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ཞེ་ཆིན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བར་མ་ཟད་ཤིས་ཚིག་ཀྱང་ཕུལ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གཞོན་པ་ནོ་ཝ་ཁི་ཡིས་ཤིས་ཚིག་ཕུལ།
འགོ་རྩོམ་མཛད་སྒོའི་རྗེས་སུ། ཏིང་ཞུའེ་ཞང་གིས་ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བདུན་པར་ཞུགས་མཁན་ཨུ་རུ་སུ་ཕྱོགས་ཀྱི་རིམ་པ་མཐོ་བའི་འཐུས་ཚབ་ཚོགས་པ་དང་མཇལ་འཕྲད་གནང་།
སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཀྲུང་ཨུའི་ཆུ་ཚད་མཐོ་བའི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ཀྱི་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་ནས་སྲ་བརྟན་དུ་གཏོང་དགོས”ཞེས་པ་དེ་རེད། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་མི་སྣ་བཞི་བརྒྱར་ཉེ་བ་འགོ་རྩོམ་མཛད་སྒོར་ཞུགས།