ཀྲའོ་ལི་ཅི་ཡིས་ཨོ་སི་ཁྲུ་ལི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཟླ11པའི་ཚེས22ཉིན་ནས་ཚེས25ཉིན་བར། ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་གཙོ་ལའེ་ཨེན་སི་དང་གྲོས་ཁང་ཞོལ་མའི་གྲོས་གཙོ་ཏི་ཁེ་ཡི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཨོ་སི་ཁྲུ་ལི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། འདི་ནི་ཟླ11པའི་ཚེས24ཉིན་ཁན་པེ་ར་ནས་ཙུང་ཏུའུ་མའོ་སི་ཐིན་ལ་མཇལ་འཕྲད་གནང་པའི་པར་རེད། 

ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་གཙོ་ལའེ་ཨེན་སི་དང་གྲོས་ཁང་ཞོལ་མའི་གྲོས་གཙོ་ཏི་ཁེ་ཡི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ11པའི་ཚེས22ཉིན་ནས་ཚེས25ཉིན་བར་ཨོ་སི་ཁྲུ་ལི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། ཁན་པེ་ར་ནས་ཙུང་ཏུའུ་མོ་སི་ཐིན་ལ་མཇལ་འཕྲད་གནང་། ཙུང་ལི་ཨ་ཨར་པ་ཉི་སིས་བསྡུས་པའི་བྱ་བའི་ཞོགས་པའི་གསོལ་ཚིགས་ཚོགས་འདུར་ཞུགས་ནས། གྲོས་གཙོ་ལའེ་ཨེན་སི་དང་གྲོས་ཁང་འོག་མའི་གྲོས་གཙོ་ཏི་ཁེ་དང་གྲོས་མོལ་གནང་།

མོ་སི་ཐིན་དང་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་། ཀྲའོ་ལི་ཅི་ཡིས་ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སླར་ཡང་བརྟན་བརླིང་དང་ལེགས་ཕྱོགས་སུ་འཕེལ་བའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་གྱི་ལེགས་ཆ་གསབ་རེས་རང་བཞིན་ཆེ་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སྔར་ལས་གནད་འཁེལ་བརྟན་བརླིང་དང་གྲུབ་འབྲས་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

མོ་སི་ཐིན་གྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་ཚོང་དོན་དང་རིག་གནས། སློབ་གསོ་སོགས་ཀྱི་ཐད་མཉམ་ལས་ཡག་པོ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས2026ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་གྲོས་ཚོགས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ལ། དེ་ནི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པས་ཚོགས་འདུར་རྒྱལ་ཁ་ལོན་པར་རེ་སྒུག་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་ཚུལ་སྒྱུར། གནམ་གཤིས་འགྱུར་ལྡོག བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་བསྟན།

ཨ་ཨར་པ་ཉི་སི་ཡིས་བསྡུས་པའི་བྱ་བའི་ཞོགས་ཟས་ཚོགས་འདུའི་སྐབས་སུ། ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སླར་གསོ་བྱེད་པ་དང་། དེ་ནས་ཡང་བསྐྱར་ཁྱབ་ཁོངས་སོ་སོ་ནས་གླེང་མོལ་དང་མཉམ་ལས་མངོན་འགྱུར་བྱུང་པ་ལ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་ཡོངས་ཁྱབ་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་དུ་རྩ་བའི་ཁེ་ཕན་གྱི་འགལ་བ་མེད་སྟབས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཨོ་སི་ཁྲུ་ལི་ཡ་ཚུད་པའི་རྒྱལ་ཁབ་སོ་སོར་གཉིས་ཕན་མཉམ་ལས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ནུས་ཁུངས་གཏེར་ཁ་དང་། ཚན་རྩལ་གསར་གཏོད། གཞི་གྲངས་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས།

ཨ་ཨར་པ་ཉི་སིས་མིག་སྔར་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་བར་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་པར་གཞོལ་ནས་ཀྲུང་གོས་སང་ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་གཙོ་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་ཚོང་དོན་མགྱོགས་མྱུར་ངང་འཕར་ནས་ཡུལ་སྐོར་དང་། སློབ་གསོ། མི་གཞུང་སོགས་ཁྱབ་ཁོངས་བརྗེ་རེས་ཀྱིས་གཞོན་ནུ་དག་ལ་རིག་གནས་མི་འདྲ་བ་ཉམས་ལེན་དང་ཡུན་རིང་གི་མཛའ་བརྩེ་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱུན་ལྡན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་བརྟན་པོའི་ངང་འཕེལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལའེ་ཨེན་སི་དང་ཏི་ཁེ་དང་མཉམ་དུ་གྲོས་མོལ་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་བྱས་ནས་ཁྲིམས་འཛུགས་སྒྲིག་གཞིའི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། སྐད་ཆ་ཤོད་རེས་དང་བརྗེ་རེས་ལ་ཤུགས་བསྣན་ནས་མཉམ་ལས་ཀྱི་བརྟན་པོའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་དགོས། ཀྲའོ་ལི་ཅི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་དེ་མིན་ཕྱི་ཕྱོགས་སྒོ་འབྱེད་དང་ནང་མཁོ་རྒྱ་ཆེར་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཀྱི་ཐད་དགོངས་ཚུལ་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་ཆོག་ཅེས་བཤད།

ལའེ་ཨེན་སི་ཡིས་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་ལས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད། ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་དངུལ་གཏོང་ལ་དགའ་བསུ་ཞུ་བ་དང་ཐུན་མོང་གི་ཁེ་ཕན་ལྡན་པའི་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། ཏི་ཁེ་ཡིས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ལ་གོ་སྐབས་སྔར་ལས་མང་པོ་བཏོད་ཡོད་པས།  ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བ་དང་དེ་མིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་གནང་བའི་སྐབས་སུ། ཀྲའོ་ལི་ཅི་ཡིས་པུའུ་ལི་སི་པན་དུ་ཁུན་ཧྲི་ལན་མངའ་སྡེ་ཡི་མགོ་གཙོ་ཁེ་ལི་ས་ཕུའུ་ལི་དང་མཇལ་འཕྲད་གནང་ནས། ས་གནས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན། མདའ་རྟགས་ནུས་རྒྱུ་ཀུང་སིར་བཅར་འདྲི་བྱེད་སྐབས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་དངུལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུའི་ཐུགས་རེ་བཏོན།