
ཟླ11པའི་ཚེས25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་ཨེ་ཤ་ཡ་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཡིན་ལ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་། ས་ཁུལ་གྱི་གནས་བབ་ལ་ཤུགས་རྐྱེན་ཐེབས་ཡོད། མིག་སྔའི་གནས་བབ་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལྟ་བ་གཅིག་མཐུན་དང་། སྔར་ལས་དགེ་མཚན་ལྡན་པའི་འགུལ་སྐྱོད་སྤེལ་ཏེ་ཅཱ་ཧྲ་རུ་ཕྱོགས་ཡོངས་ནས་ཡུན་རིང་འཁྲུག་མཚམས་འཇོག་རྒྱུའི་ཁག་ཐེག་བྱེད་པ་དང་དམག་འཁྲུག་སླར་ཡང་མི་འབྱུང་བར་འགན་སྲུང་བྱེད་དགོས། “ཕ་ལེ་སི་ཐན་གྱི་མིས་ཕ་ལེ་སི་ཐན་བཅོས་སྐྱོང་བྱེད་པའི”རྩ་དོན་ལྟར་ཅཱ་ཧྲ་རུ་དམག་འཁྲུག་བྱུང་རྗེས་ཀྱི་བཅོས་སྐྱོང་དང་བསྐྱར་སྐྲུན་བྱེད་དགོས་ལ། ཕ་ལེ་སི་ཐན་མི་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱེད་དགོས། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་མགྱོགས་མྱུར་སྒོས་ཇེ་ལེགས་སུ་བཏང་ནས། ཕ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་དགོས། ཆེས་གལ་ཆེ་ཤོས་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཆབ་སྲིད་ཐོག་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་ནུས་ལྡན་རང་བཞིན་གྱི་ཚོད་བགམ་བྱས་པ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་གྱི་འབྱུང་རྩར་བསམ་སྟེ། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་ནུས་ལྡན་སྤྱད་པ། ལོ་རྒྱུས་དྲང་གཞག་མིན་པར་ཡོ་བསྲང་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།