དུས་རབས་གསར་པའི་ཀྲུང་གོའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་གཏོང་། ཁྱབ་འགྱེད་སྔོན་འགོག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་སྤེལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས27ཉིན་ལ་དུས་རབས་གསར་པའི་ཀྲུང་གོའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་གཏོང་། ཁྱབ་འགྱེད་སྔོན་འགོག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དེབ་ནང་དུ་དུས་རབས་གསར་པའི་ཀྲུང་གོའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་གཏོང་། ཁྱབ་འགྱེད་སྔོན་འགོག་གི་སྲིད་ཇུས་ལག་ལེན་སྐོར་ལ་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཡོད་པ་དང་། གོ་ལ་ཕྱིའི་བར་སྟོང་དང་དྲ་བ། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བདེ་འཇགས་བཅོས་སྐྱོང་གི་འདོད་ཚུལ་ངོ་སྤྲོད་བྱས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་དང་འཛམ་གླིང་རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

རྒྱབ་ཤ་དཀར་པོའི་དེབ་ནང་དུ། ཀྲུང་གོས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་གཏོང་། ཁྱབ་འགྱེད་སྔོན་འགོག་བཅས་ཀྱི་འཕེལ་རིམ་ནང་ཕན་འབྲས་ལྡན་པའི་ངང་ཞུགས་ཤིང་། ཀྲུང་གོའི་གྲོས་འགོ་དང་ཀྲུང་གོའི་ཇུས་གཞི། རྒྱལ་སྤྱིའི་བདེ་འཇགས་ཁོར་ཡུག་ལེགས་བཅོས་དང་རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན། རྒྱལ་སྤྱིའི་བདེ་འཇགས་ཀྱི་དཀའ་ངལ་སེལ་བ། འཛམ་གླིང་བདེ་འཇགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་འབད་པ་ལྷོད་མེད་བྱས་ཡོད་པ་བསྟན།

རྒྱབ་ཤ་དཀར་པོའི་དེབ་ནང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་སྐྱོད་པའི་དེང་རབས་ཅན་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཀྱི་འཕེལ་རྒྱས་རེད། ཀྲུང་གོས་ཞི་བདེར་དགའ་བའི་རྒྱལ་ཁབ་ཚང་མ་དང་ལྷན་དུ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་མ་ལག་སྲ་བརྟན་དང་གོང་འཕེལ་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།