
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་སློབ་དེབ་ཏུ་འགོད་པ། སློབ་ཁྲིད་དུ་འཇོག་པ། བསམ་བློར་ཟུག་པ་བཅས་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་དང་དམག་འཐབ་ཀྱི་ཆེད་དུ་མི་གསོ་སྐྱོང་བྱ་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ཡིས《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པའི་རྣམ་བཤད》རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པ་དང་། བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
《རྣམ་བཤད》ནི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པའི་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་ཞིག་དང་། དམག་དཔུང་སློབ་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དབང་གྲགས་ལྡན་པའི་དཔེ་དེབ་དང་། དུས་རབས་གསར་པའི་ཏང་གི་དམག་དོན་མཛུབ་སྟོན་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། 《རྣམ་བཤད》རྩོམ་འབྲི་པར་སྐྲུན་དང་བེད་སྤྱོད་བྱས་པས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་སྔར་ལས་ལེགས་པར་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་དང་། ན་གཞོན་དཔོན་དམག་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་དཔུང་སྟོབས་ལྡན་གཏོང་རྒྱུར་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། དམག་དཔུང་སྟོབས་ལྡན་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་བར་དོན་སྙིང་གལ་ཆེན་ལྡན།
《རྣམ་བཤད》ནི་འགོ་བརྗོད་དང་། ནང་དོན་གཙོ་བོ་ལེའུ15དང་མཇུག་གི་གཏམ་བཅས་ཀྱིས་གྲུབ། ཏང་གི་དམག་དོན་མཛུབ་སྟོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བའི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་ནས་མཚོན་པ་དང་། ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་འཕེལ་རྒྱས་ཐད་གསར་གཏོད་རང་བཞིན་གྱི་སྟོབས་ཤུགས་ཕུལ་བས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པས་དམག་དཔུང་སྟོབས་ལྡན་གཏོང་བའི་ལག་ལེན་ལ་སྣེ་ཁྲིད་བྱས་ཏེ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མཚོན་ཡོད། 《རྣམ་བཤད》ལས་མ་རྩོམ་དང་མ་ཡིག་གི་ནང་དོན་ལ་བསྟུན་ཅི་ཐུབ་བྱས་པ་དང་། ཁྲིད་ཕྱོགས་དང་ལག་ལེན་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ། གནས་ལུགས་དང་མཚན་ཉིད་རིག་པར་འགྲེལ་བཤད་གཏིང་ཟབ་བྱེད་པར་དོ་སྣང་། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན་མངོན་འགྱུར་བྱེད་པ། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་བཀོད་སྒྲིག་དང་བླང་བྱ་གསལ་པོར་བཤད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་དེ་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་ཕན་པ་ཆེ།