ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱ་བར་སྐུལ་འདེད་གཏོང་བའི་བྱ་བར་བཀོད་སྒྲིག་གནང་། དམངས་ཡོངས་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོ་བཀོད་རྩིས་པ་ཆེན་མོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་ལ་གྲོས་བསྡུར་མཛད།

གྲོས་ཚོགས་ཐོག ཐེངས་འདིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དམིགས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་བ་སྔར་ལས་ཏན་ཏིག་དང་ལེགས་པོ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་ལེགས་པོ་བླངས་ཡོད། ཚང་མས་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་གཙོ་བོ་དེ་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་རེ་རེ་བཞིན་དག་ཐེར་དོན་འཁྱོལ་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྐུལ་སྒྲུབ་ཀྱི་བསམ་འཆར་དང་སྲིད་ཇུས་ཀྱི་གྲོས་འགོ་བཏོན་པའི་རིགས་ལ་ཞིབ་བསྡུར་དབྱེ་ཞིབ་དཔྱིས་ཕྱིན་པར་བྱས་ནས་དུས་ཐོག་ཏུ་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་བྱ་བ་ཇེ་ལེགས་སུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཞན་སར་དམིགས་ཏེ། གཅིག་ཤེས་ཀུན་གྲོལ་གྱིས་རང་བཤེར་རང་བཅོས་བྱས་ཏེ། གནད་དོན་གཅིག་ཐག་གཅོད་བྱེད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི་ཕྱོགས་སུ་བསྲིང་དགོས། དག་ཐེར་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས་བསྟན།

གྲོས་ཚོགས་ལས་བསྟན་དོན། གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་རིམ་པ་ནས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་ནི་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འགན་བཅོལ་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་སྔར་ལས་ལེགས་པར་འདོན་སྤེལ་དང་། སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་པར་ཕན་ཐོགས་ཡོད།   ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་རིགས་དབྱེ་ཇུས་འདོན་བྱེད་པར་མཛུབ་སྟོན་བྱས་ཏེ། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པའི་ཐེབས་རྩ་དོ་དམ་བྱེད་སྟངས་ལུགས་མཐུན་སྒོས་གཏན་ཁེལ་བྱས་ཏེ། ཐེབས་རྩ་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་རིམ་པ་ནས་གཅིག་གྱུར་འཆར་འགོད་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་འཛུགས་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ།  སྨན་བཅོས་འགན་བཅོལ་གཏོང་སྤྲོད་དང་ཞབས་ཞུའི་རིན་གོང་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་དགོས།

གྲོས་ཚོགས་ལས་བསྟན་དོན། བཅའ་ཁྲིམས་སྟེང་ནས་དམངས་ཡོངས་ཀྱི་དཔེ་ཀློག་ལ་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དཔེ་ཀློག་ལ་བརྟེན་ནས་ཤེས་བྱ་བསྡུ་ལེན་དང་བློ་གྲོས་འཕེལ་དུ་འཇུག་དགོས། སྤུས་ལེགས་ནང་དོན་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་འཛུགས་སྐྲུན་དང་བེད་སྤྱོད་ལེགས་པོ་བྱེད་དགོས་པ་དང་། གཞོན་ནུ་ལོ་ཆུང་དང་རྒན་པ་སོགས་མི་ཚོགས་མི་འདྲ་བའི་དཔེ་ཀློག་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་ལག་རྩལ་གསར་པ་དང་གཞི་རྟེན་གསར་པ། སྒྲིག་བཀོད་གསར་པ་སོགས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་དང་། མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ།  སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་སྩོལ་དགོས།

གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོ་བཀོད་རྩིས་གཉེར་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན》ལ་གྲོས་བསྡུར་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་ཞིང་། འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་ཏུ་ཕུལ་རྒྱུའི་ཐག་བཅད། གྲོས་ཚོགས་ལས་བཅའ་ཁྲིམས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་པ་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་ནོར་རྩིས་ཀྱི་ལྟ་སྐུལ་ལ་སྔར་ལས་ཤུགས་བསྣན་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས་པ་བསྟན། ཐོ་བཀོད་རྩིས་གཉེར་པ་ཁ་དན་ཚིག་གནས་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་བ་དང་། ཐོ་བཀོད་རྩིས་གཉེར་པའི་ལས་རིགས་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་དང་མ་དངུལ་འཇོག་མཁན་གྱི་ཁེ་དབང་སྲུང་སྐྱོང་། ཁེ་ལས་ཀྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་འདོན་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།