ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ11པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་ཅན་གྱི་ཁེ་དབང་འགན་སྲུང་སྐོར་གྱི་སྲོལ་ཡིག་ངོ་སྤྲོད་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྲོལ་ཡིག་བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་། བརྒྱུད་རིམ། དོན་སྙིང་དང་།  ནང་དོན། དེ་བཞིན་ཁྱད་ཆོས་གཙོ་བོ་བཅས་ཀྱི་ཐད་གསར་འགྱུར་ཁྱབ་བསྒྲགས་བྱས་པ་རེད།

སྲོལ་ཡིག་ལ་ཁྱོན་བསྡོམས་ལེའུ་བརྒྱད་དང་དོན་ཚན་ང་ལྔ་ཡོད་ལ། སྤྱིའི་སྒྲིག་སྲོལ་དང་ཁྱིམ་ཚང་གཉོར་སྐྱོང་། གསོ་སྐྱོང་། སྤྱི་ཚོགས་འགན་སྲུང་།   སྤྱི་ཚོགས་ཞབས་ཞུ་དང་འཚོ་གཞིས་ཁོར་ཡུག  སྤྱི་ཚོགས་གཟིགས་སྐྱོང་།  སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པ། ཁྲིམས་ལུགས་འགན་འཁྲི། ཞར་བཀོད་བཅས་འདུས་ཡོད།

སྲོལ་ཡིག་ཏུ་ཕ་མ་གཉོར་སྐྱོང་གནང་བའི་གཏན་འབེབས་གསར་དུ་བསྣན་པ་དང་ལོ་ལོན་སྨན་ཁང་དུ་ཞག་སྡོད་བྱེད་རིང་བུ་ཕྲུག་ཡོད་སའི་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ཀྱི་ཞག་སྡོད་བདེན་དཔང་གཞིར་བྱས་ནས་བུ་བུ་མོ་ཁེར་སྐྱེས་ཅན་ལ་ལོ་རེར་ཉིན་ཉི་ཤུ་དང་ཁེར་སྐྱེས་མ་ཡིན་པའི་བུ་བུ་མོར་ལོ་རེར་ཉིན་བཅུའི་ཕ་མ་གཉོར་སྐྱོང་གི་གནང་བ་སྟེར་དགོས། དེ་བཞིན་ལོ་ལོན་གྱི་རྒྱུ་ནོར་དང་ཁེ་དབང་གི་འགན་སྲུང་ཤུགས་དྲག་ཏུ་བཏང་བ་དང་ཕ་མ་གཉོར་སྐྱོང་ཐད་ཆེད་དུ་གཏན་འབེབས་བཟོས་པ་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས་ལོ་ལོན་གྱིས་རང་ཁྱིམ་དུ་རྒན་གསོ་བྱེད་པར་རྨང་གཞི་སྔར་བས་ཡག་པོ་བཏང་།

སྤྱི་ཚོགས་འགན་སྲུང་ཕྱོགས་ནས་སྲོལ་ཡིག་ཏུ་རྒན་གསོ་དང་དམངས་ཚིས་བདེ་སྐྱིད་མཐོར་འདེགས་ལ་དམིགས་ནས་ཕྱོགས་གསུམ་གྱི་བྱེད་ཐབས་བཏོན་ཡོད་དེ། མི་སྒེར་གྱི་རྒན་གསོའི་དངུལ་དང་ཚོང་ལས་རྒན་གསོའི་འགན་སྲུང་ཁྲོད་ཞུགས་པར་ཡར་གཏོགས་རྒྱབ་ནས་རྒན་གསོའི་འགན་སྲུང་མ་ལག་ཕྱོགས་མང་པོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ལོ་ལོན་གྱི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལོ་བདུན་ཅུའི་ཡན་གྱི་རྒན་པར་ལོ་ན་མཐོ་བའི་གཟིགས་སྐྱོང་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱས་ནས་སྤྱི་ཚོགས་ཕན་བདེའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། རྒན་པར་འབྲེལ་བའི་ཁྲིམས་འགལ་ཉེས་དོན་སྔོན་འགོག་དང་རྡུང་རྡེག་གཏོང་ཚད་ཤུགས་དྲག་ཏུ་བཏང་ནས་ལོ་ལོན་གྱི་ཚེ་སྲོག་རྒྱུ་ནོར་དང་བཅས་པའི་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས།

སྤྱི་ཚོགས་ཞབས་ཞུ་དང་འཚོ་གཞིས་ཁོར་ཡུག་འཛུགས་སྐྱོང་ཐད་སྲོལ་ཡིག་གིས་ཞབས་ཞུ་འདོན་སྤྲོད་ཇེ་རྒྱས་ཇེ་ལེགས་དང་ལོ་ལོན་གྱི་བརྩེ་བའི་སྤྱི་ཚོགས་ཞབས་ཞུའི་མ་ལག་དང་འཚོ་གཞིས་ཁོར་ཡུག་འཛུགས་སྐྱོང་ལ་ཡར་སྐུལ་བྱས་ཏེ་ལོ་ལོན་གྱི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱ་དགོས། དེ་དང་མཉམ་དུ་སྲོལ་ཡིག་གིས་སྤྱི་ཚོགས་གཟིགས་སྐྱོང་ཁྱབ་ཁོངས་མུ་མཐུད་རྒྱ་བསྐྱེད་དེ་ལོ་ལོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། ལོ་ལོན་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པར་ཆ་རྐྱེན་གང་ལེགས་བསྐྲུན་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བྱ་བའི་ལོ་ལོན་གྱི་བརྩེ་བའི་སྤྱི་ཚོགས་འཛུགས་སྐྱོང་ལ་ཡར་སྐུལ་བྱས་ནས་རང་རེའི་ཞིང་ཆེན་གྱི་མི་གྲངས་ལོ་ལོན་ཅན་ལ་དམིགས་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱ་དགོས།

སྲོལ་ཡིག་ད་ལོའི་ཟླ12པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

མི་ཕམ་མགོན་པོས་བསྒྱུར།