ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ11པའི་ཚེས27ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ལི་ཀོང་པིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ལོའུ་ཞཱ། མཚོ་སྔོན་རང་བྱུང་བཟོ་སྐྲུན་ཚན་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཧུའེ། མཚོ་སྔོན་སློབ་ཆེན་ནོར་སྲིད་སློབ་གླིང་གི་དགེ་རྒན་ཆེན་མོ་ཆོས་པོ། “སྲིད་གཙང་སྤྱོད་གཙང”རིགས་པའི་གཞུང་ལུགས་སྒྲོག་བཤད་ལས་དོན་ཁང་གི་འགན་འཁུར་བ་ལྷ་རྒྱལ་བཀྲ་ཤིས་བཅས་ཀྱིས་ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བ་སོགས་སུ་གཅིག་གྱུར་སྒོས་སྒྲོག་བཤད་བྱས།

སྒྲོག་བཤད་ཚོགས་པའི་ཁོངས་མིས“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”རིང་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྒྲོག་འགྲེལ་གཏིང་ཟབ་བྱས་ཡོད། སྒྲོག་བཤད་ཡུལ་དངོས་སུ་ཚོགས་ཞུགས་མི་སྣས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་། གཙོ་གནད་ནན་ཏན་ངང་ཟིན་ཐོར་འགོད་པ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས། སྙན་ཞུ་རེ་རེ་ནི་བསམ་བློའི་བྱབས་ཁྲུས་ཟབ་མོ་ཞིག་ཡིན་ལ། མདུན་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྒུལ་ཤུགས་ཆེན་པོའང་སྐུལ་སློང་བྱས་ཡོད།

ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་ལྟ་ཞིབ་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ལེ་ཡིས་བཤད་རྒྱུར། “སྒྲོག་བཤད་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ལ་ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ཡོད”། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཚད་གཞི་གཅིག་མཚུངས་དང་བདེན་སྲུང་གསར་གཏོད། “ཞིང་ལས་དང་ཞིང་བ་གཙོར་འཛིན་པར་ཞབས་འདེགས་ཞུ་བའི”ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར། སྔར་ལས་ལྷག་པའི་སྒོ་ནས་དཔའ་ངར་ཆེར་བསྐྱེད་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱི་ཐོག་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་བྱས་ཏེ། མཚོ་སྔོན་གྱི་མཁོ་ཚོང་མཉམ་ལས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིན་ཉེན་རྟོག་ལས་དོན་འགན་སྲུང་སྡེ་ཁག་གི་མི་དམངས་ཉེན་རྟོག་པ་ཁྲེན་ཡུང་ཞིན་གྱིས་བཤད་རྒྱུར། “ཐེངས་འདིའི་སྒྲོག་འགྲེལ་ལས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་ཏུ་བྱེད་དུ་བཅུག་པར་མ་ཟད།     ཚང་མས་ལས་སྒྲུབ་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཡང་སྐུལ་སྤེལ་བྱས།” ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ་དང་།   ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཟང་བོ་བྱས་ནས། མཚོ་སྔོན་སྤྱི་བདེའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་སྦྱོར་ཡག་པོ་བྱས་ཏེ།   ནུས་ཤུགས་ཡོད་རྒུས་དེང་རབས་ཅན་དང་གནད་འཁེལ་ཅན། ཕན་འབྲས་ཆེ་བ་བཅས་ཀྱི་ཉེན་རྟོག་བྱ་བའི་འགན་སྲུང་མ་ལག་འཛུགས་པ་དང་།     ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་སྣེ་ཁྲིད་དེ། མཚོ་སྔོན་གྱི་སྤྱི་བདེ་ཉེན་རྟོག་ལས་དོན་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་སྤྱི་བདེ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ནུས་སྣོན་དགོས་ཟེར།

འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་གིས་བཤད་རྒྱུར། སྐད་གཉིས་ཀྱི་སྒྲོག་འགྲེལ་བྱེད་ཐབས་འདི་ཧ་ཅང་བཟང་ལ། ང་ཚོས་རྒྱུས་ལོན་བཟང་བོ་བྱེད་ཐུབ། ཚང་འཛོམས་གྲོས་ཚོགས་ལས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་སྒོས་ཞིང་ལས་ཞིང་སྡེ་དེབ་རབས་ཅན་དུ་བསྒྱུར་བ་དེ་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཚང་མས་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་བར་རེ་སྒུག་ཆེན་པོ་བྱས་ཡོད། ད་ལྟ་ཁྱིམ་དུ་དྲོད་རླངས་དང་རང་བྱུང་སོལ་རླངས་ཀྱི་ཐབ་ཀ རང་འབབ་ཆུ་བཅས་ཚང་མ་ཡོད་ལ། སྒོ་ཕྱི་རུ་གོམ་པ་འགའ་སོང་ཚེ་ཚོང་ཁང་དང་སློབ་གྲྭ། འཕྲོད་བསྟེན་ཁང་བཅས་ཡོད། ཏང་གི་སྲིད་ཇུས་བཟང་བོ་ཡོད་པས། ང་ཚོས་སྐྱེ་ཁམས་དང་ཡུལ་སྐོར་ལ་བསྟེན་ནས་ཡོང་སྒོ་བཙལ་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཁྲིད་སྟོན་ཁ་ཕྱོགས་ལྟར་མུ་མཐུད་དུ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་མཛེས་པ་དེ་འབྲོག་ཁུལ་གྱི་གཏིང་ཤུགས་སུ་བསྒྱུར་རྒྱུ་ཡིན་ཟེར།

ཚེ་མགོན་རྒྱལ་དང་ཤ་བོ་རིན་མཚོ་གཉིས་ཀྱིས་བསྒྱུར།