ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ《སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན་དང་(རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར)ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཟླ11པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ《སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན་དང་(རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར)ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པ་དང་དྲུག་པའི་སྐོར་ཞིབ་བཀོད་སྒྲིག་བྱས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། སྐོར་ཞིབ་ཀྱི་ཆ་ནས་བལྟས་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ལས་དོན་ལ་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ་ཡོད། འོན་ཀྱང་གནད་དོན་ཁ་ཤས་ཀྱང་གནས་ཡོད་པས། ངེས་པར་དུ་ཆབ་སྲིད་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཟབ་ནན་གྱིས་ཐག་གཅོད་བྱ་དགོས། སྐོར་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་སྐོར་ཞིབ་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་བཟོ། འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་འཛིན་བྱ་གལ་ཆེན་ཞིག་ཏུ་བརྩིས་ནས། དག་ཐེར་ཡོ་བསྲང་གི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ས་ཁུལ་དེ་གའི་འཐབ་ཇུས་ངེས་གནས་དམ་འཛིན་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”སྒྲུབ་དགོས། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཁྲུལ་བ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་རྒྱུན་འཁྱོངས་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་མོ་བྱེད་པ། “འགན་གཙོ་བོ་འཁུར་མཁན་”ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། རུལ་སུངས་ལ་རྒོལ་བའི་བཙན་གནོན་རྣམ་པ་རྒྱུན་འཁྱོངས་དང་། རུལ་སུངས་ཀྱི་འབྱུང་ས་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་ནས། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ། ཡང་དག་པའི་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་སྒོས་བེད་སྤྱོད་ལེགས་པོ་བྱེད་པ་དང་། སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་གཏིང་ཟབ་སྒོས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། བཅོས་བསྒྱུར་ཟབ་སྤེལ་དང་རྩ་ལག་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།