ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ11པའི་ཚེས28ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་ཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར110འཁོར་བའི་བཞུགས་མོལ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་སོགས་བརྒྱུད་བསྒྲགས་བྱས་པ་དང་།  རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་།  བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མཐོ་བའི་བསམ་བློའི་སྙིང་སྟོབས་དང་ཕུལ་བྱུང་གི་སྤུས་ཀ་རྒྱུན་འཛིན་དང་དར་སྤེལ་བྱེད་པ། ཕུགས་བསམ་དང་དད་མོས་བརྟན་པོ་ཡོད་པ།  གསར་བརྗེའི་ཁྲག་རྒྱུན་རྒྱུན་བསྲིང་བྱེད་པ་བཅས་བྱས་ཏེ་ལག་ལེན་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”སྲུང་སྐྱོབ་དང་།  “སྲུང་སྐྱོང་གཉིས”ཏན་ཏིག་གིས་སྒྲུབ་དགོས།  རྒྱུན་མཐུད་ངང་ནུབ་རྒྱུད་འདོན་སྤེལ་ཆེན་མོ་སོགས་དུས་རབས་གསར་བའི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱས་ཏེ།  བློ་བརྟན་འགྱུར་མེད་དང་།  དཀའ་སྤྱད་འབད་བརྩོན་བྱེད་པ།  ཧུར་ཐག་གིས་གསར་བརྗེའི་བློ་མཐུན་རྒན་པ་དག་གི“བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གསར་སྤེལ་བྱེད་པའི”ཕུགས་འདུན་དེ་དངོས་ཡོད་ཀྱི་མཛེས་པར་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་མུ་མཐུད་དུ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བྱེད་དགོས།  དོན་དངོས་གཞིར་འཛིན་པའི་སྤྱོད་ལམ་བཟང་བོ་དེ་དུས་རབས་གསར་བར་དར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།  མཚོ་སྔོན་གྱི་དངོས་ཡོད་ལ་གཞི་འཛུགས་པ།  གཏིང་ཟབ་ངང་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ལས་འགན་གལ་ཆེན་ཇུས་འགོད་ལ་ཞིབ་འཇུག་བྱེད་པ་བཅས་བྱས་ཏེ།  ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི《གྲོས་གཞི》དང《རྩ་གནད》 བཟོ་དགོས།

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།