ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་ཐོག་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་སྟོང་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་དགོས་པ་ནན་བཤད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ11པའི་ཚེས་28ཉིན་གྱི་ཕྱི་དྲོར། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་དེ། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ནི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བཅོས་སྐྱོང་གི་རྒྱང་ལྟའི་རང་བཞིན་དང་། གནད་འཁེལ་རང་བཞིན། མ་ལག་ལྡན་པའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་ལེགས་གཏོང་རྒྱུར་ཤུགས་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་སྐྱེ་ཁམས་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་མཐུན་ཧྲི་ཅན་ཀྲུང་གིས་གནད་དོན་དེར་འགྲེལ་བཤད་བྱས་ནས་བྱ་བའི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་ནས་གྲོས་བསྡུར་གནང་།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དྲ་ཐོག་གི་གཙོ་རྒྱུན་རིན་ཐང་ལྟ་བ་དང་། གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད། དྲ་རྒྱའི་ཟང་ཟིང་གི་སྣང་ཚུལ་ལ་རྡུང་རྡེག་ནུས་ལྡན་བཏང་ནས་དྲ་རྒྱའི་སྐྱེ་ཁམས་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད། ལོ་འདི་དག་རིང་གི་ལག་ལེན་བརྒྱུད་ང་ཚོ་ལ་ངོས་འཛིན་གཏིང་ཟབ་ཅིག་བྱུང་བ་ནི། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་དམ་འཛིན་བྱེད་པར་མཚོན་ན་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་བླ་ན་མེད་པ་དང་བདེན་སྲུང་གསར་སྐྲུན། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། མ་ལག་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན།

ཞི་ཅིན་ཕིང་གིས་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དྲ་རྒྱའི་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་འགོ་ཁྲིད་འགན་འཁྲི་ཐད་ཤུགས་སྣོན་དགོས། འབུར་དུ་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ཏེ་དྲ་རྒྱ་སྤྱད་དེ་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ་དང་བྱ་བ་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དྲ་རྒྱའི་ལས་སྟེགས་དང་མི་སྒེར་གྱི་སྨྱན་སྦྱོར། འཕྲིན་ལམ་མང་བའི་དྲ་རྒྱའི་སྒྲིག་གཞི་བཅས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དུ་བཅུག་ནས་རང་འགུལ་ངང་དྲང་ནུས་ཁྱབ་སྤེལ་བྱེད་མཁན་དུ་འགྱུར་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཆུ་མགོ་ཁུངས་ནས་གཙང་དགོས་པའི་དཔེ་ཅི་བཞིན། དྲང་ཕྱོགས་ཀྱི་སྐད་སྒྲ་དང་། གཙོ་རྒྱུག་རིན་ཐང་། དུས་རབས་ཀྱི་སྲོལ་གསར་བཅས་ལ་བརྟེན་ནས་དྲ་རྒྱའི་ཁོར་ཡུག་གསར་པ་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ་བརྒྱུད། སྦྲེལ་དྲ་དེ་བསམ་བློའི་ཁྲིད་སྟོན་དང་ཀུན་སྤྱོད་གསོ་སྤེལ། རིག་གནས་རྒྱུན་འཛིན་བཅས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་དྲ་ཐོག་ཏུ་དྲིལ་སྒྲོག་ཟབ་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། ནང་དོན་ལྡན་པ་དང་དྲོད་ཚད་ལྡན་པ། ཤུགས་རྐྱེན་ཆེན་པོ་ཡོད་པའི་དྲ་རྒྱའི་བརྩམས་ཆོས་སྔར་ལས་མང་པོ་འདོན་སྤེལ་བྱེད་དགོས། གཙོ་རྒྱུགས་སྨྱན་སྦྱོར་གྱིས་དྲ་རྒྱའི་སྤུས་ལེགས་ནང་དོན་མཁོ་འདོན་བྱེད་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཅིག་ཡིན་པས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུ་ལེགས་པོ་བྱེད་དགོས་པ་དང་། སློབ་གསོ་དང་སྲིད་འཛིན། ཁྲིམས་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱོད་དགོས། དྲ་ཐོག་ནས་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་བར་དབྱེ་བ་ཡོད་པ་དང་གནད་འཁེལ་ཅན་གྱི་ལག་བསྟར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རང་བརྩི་རང་བཀུར་དང་། ཚུལ་མཐུན་ཞི་ལྷོད། ཧུར་བརྩོན་ཡར་ཐོན་བཅས་ཀྱི་དྲ་རྒྱའི་སྤྱི་ཚོགས་ཀྱི་སེམས་ཁམས་སྐྱེད་སྲིང་བྱེད་དགོས། སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྲིད་འཛིན་ཆོག་འཐུས་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲིད་འཛིན་ལྟ་སྐུལ་དོ་དམ་དང་ལས་རིགས་རང་གཅུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཁྲིམས་བསྟར་དང་ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་བསྟན།

ཞི་ཅིན་ཕིང་གིས་དྲ་རྒྱའི་ཟང་ཟིང་གི་སྣང་ཚུལ་གྱིས་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྦགས་བཙོག་བཟོ་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་གིན་ཡོད། དེ་བས་རལ་གྲི་འཕྱར་ཕོད་པ་དང་མཐའ་གཅིག་ཏུ་རྡུང་རྡེག་བཏང་སྟེ་ཁེ་ཕན་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་བཅད་ནས། དེའི་སྐྱེ་འཕེལ་གྱི་ཁོར་ཡུག་དང་ཆ་རྐྱེན་སོགས་མེད་པར་བཟོ་དགོས། དྲ་རྒྱའི་ཟང་ཟིང་གི་སྣང་ཚུལ་ལ་རྡུང་རྡེག་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་གཏིང་ཟབ་སྒོས་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཉམས་ཞན་རིམ་པ་འཚོལ་ཞིབ་བྱས་ཏེ། ཁ་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་རྨང་གཞི་ཇེ་བརྟན་དང་མི་འདང་ས་ཁ་གསབ་བྱེད་དགོས་པ་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་མིས་བཟོས་རིག་ནུས་དང་གཞི་གྲངས་ཆེན་མོ་སོགས་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་བསྟུན། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་དེ་འགྲན་སློང་སྣ་ཚོགས་དང་འཕྲད་ཡོད། རྒྱབ་སྐྱོར་གྱི་ཆ་རྐྱེན་གསར་པ་ཡང་འདོན་སྤྲོད་བྱས་ཡོད། དྲ་འཕྲིན་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་བེད་སྤྱོད་རྣམ་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་དབྱེ་རིགས་འབྱེད་ཀྱིས་བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས་པ་བསྟན།

ཞི་ཅིན་ཕིང་གིས་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་འཕྲད་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་རེད། དེ་བས་ཧུར་ཐག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་ཁྲོད་ཞུགས་ཏེ་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་གདང་མཉམ་སྦྲེལ་གྱིས་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་དྲ་བའི་སྟེགས་བུ་དང་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་དགོས་པ་དང་། སྦྲེལ་དྲ་ལ་བརྟེན་ནས་ཀྲུང་གོའི་སྐད་སྒྲ་སྒྲོག་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་བརྒྱུད། བློ་གཏོད་ཆོག་པ་དང་། གཅེས་སུ་འོས་པའི་ཀྲུང་གོའི་སྣང་བརྙན་གསོན་ཉམས་ལྡན་པའི་ངང་མངོན་དགོས་པ་བསྟན།