
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པར་གནང་བའི་རྟེན་འབྲེལ་འཕྲིན་ཡིག་ལ། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་སྒྲུབ་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་འཛིན་དགོས་ལ། དང་བླངས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དང་བླངས་ཞབས་ཞུའི་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་འཕྲིན་དུ། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། དང་བླངས་པས་མི་གཞན་ལ་ཞབས་ཞུ་སྒྲུབ་པ། སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་ཐབས་ལམ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་དང་བླངས་ཞབས་ཞུའི་གནས་བབ་དང་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་པས། ཚང་མར་སྐུལ་མ་ཆེན་པོ་ཐེབས་པ་དང་སེམས་འགུལ་ཆེན་པོ་ཐེབས།
པེ་ཅིན་གྲོང་ཁྱེར་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཞིན་ཧྭ་ཡིས་བཤད་རྒྱུར། རྟེན་འབྲེལ་འཕྲིན་ཡིག་ཏུ་སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་སྒྲུབ་པ་བཅས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་། དང་བླངས་ཞབས་ཞུའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དང་བླངས་ཞབས་ཞུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། ནང་སེམས་ཀྱི་འཕེལ་འགྱུར་ལ་མུ་མཐུད་དུ་ཤུགས་སྣོན་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔེ་རིས་བཞེངས་བཀོད་ལག་ཏུ་བསྟར་བར་དང་བླངས་ཞབས་ཞུའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཟེར།
ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁིག་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡོན་ཧུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་དང་བླངས་ཞབས་ཞུའི་བྱ་བ་གཙིགས་ཆེན་དུ་བཟུང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སྐྱོང་འོག་ང་ཚོ་ཏན་ཅང་ཁིག་གྲོང་ཁྱེར་ལ་ཁོར་སྲུང་དང་བླངས་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་ལྷག་ཡོད་ལ། ཁོ་ཚོ་ཆུ་འགྲམ་གཙང་ཕྱག་དང་ཆུ་ལ་སྐོར་ཞིབ་དང་སྲུང་སྐྱོང་ལ་བྲེལ་བཞིན་ཡོད་པ་དང་། དྲིལ་སྒྲོག་སྒྲོག་འགྲེལ་གྱི་ཡུལ་དངོས་དང་པོ་རུ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། མི་ཚང་མས་རང་འགན་གཙང་སྒྲུབ་ཀྱིས་མུ་མཐུད་དུ་ལས་ལ་འབད་དགོས་པ་དང་། ཆུ་མཚམས་རེ་རེ་ལེགས་པར་བསྲུངས་ནས། ཆུ་མཛོད་སྔར་ལས་དྭངས་ཤིང་གཙང་ལ། རི་བོ་སྔོ་ལྗང་དུ་སྣང་ཞིང“ཆུ་ཐིགས་རེ་རེ”ཆུ་མོ་དྭངས་གཙང་དུ་འབབ་པའི“སྟོབས་ཤུགས”ཆེན་པོ་རུ་བསྒྱུར་དགོས་ཟེར།
ཞིན་ཅང་ཁེ་ཙི་ལེ་སུའུ་ཁོ་ཨར་ཁེ་ཙི་རང་སྐྱོང་ཁུལ་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལ་ཅུན་ཡུལ་ཚོ་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་ཁུལ་སློབ་སྐྱོར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུ་རུ་ཁག་གི་རུ་གཙོ་ཡན་ཙེ་ཧྥེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་རིན་ཐང་གི་གནས་ཚད་གཏན་ལ་ཕབ། མཐའ་ཁུལ་སློབ་སྐྱོར་དང་བླངས་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“བློས་གཏོང་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་ལག་ཏུ་བསྟར་ནས་སློབ་ཁྲིད་ཀྱི་སྤུས་ཚད་མུ་མཐུད་དུ་ཇེ་བཟང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་འབད་པས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱ་དགོས། དང་བླངས་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སློབ་གསོ་དོ་སྙོམས་དང་མཐའ་དར་དམངས་ཕྱུག་ལ་རམ་འདེགས་བྱས་ཏེ། ལང་ཚོའི་མེ་ཏོག་དེ་མཐའ་མཚམས་བརྟན་སྲུང་ཁྲོད་ནས་རྣམ་པར་བཞད་པར་འབད་པ་བྱ་དགོས་ཟེར།
རྟེན་འབྲེལ་འཕྲིན་ཡིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མས་དང་བླངས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འབད་པས་ཞུགས་པར་ཐུགས་རེ་ཡོད་ཅེས་གསུངས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་དམངས་འཚོ་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་བདེན་དགེ་མཛེས་གསུམ་བརྒྱུད་སྤྲོད་ཀྱིས་དྲང་ཕྱོགས་ནུས་པ་འབད་པས་ཁྱབ་སྤེལ་བྱ་དགོས་ལ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དང་བླངས་ཞབས་ཞུའི་སྟོབས་ཤུགས་འབུལ་དགོས།
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་དང་བླངས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན། ཀྲུང་གོ་རིག་རྩལ་དང་བླངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཀྲང་ཐེན་ཝུན་གྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅིའི“ཞབས་ཞུ་གསུམ”གྱི་བླང་བྱ་དེས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དང་བླངས་ཞབས་ཞུའི་ལས་འགན་གཙོ་བོ་དང་འབད་བརྩོན་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། ཁྱབ་ཁོངས་སོ་སོས་དང་བླངས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པའི་དངོས་ཡོད་ཐབས་ལམ་ཡང་རྒྱས་བཤད་གཏིང་ཟབ་བྱས་ཡོད། ང་ཚོས་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ལངས་གནས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རིག་རྩལ་དང་བླངས་ཞབས་ཞུའི་མ་འོངས་པའི་ལོ་ལྔའི་ལས་དོན་ལ་ཇུས་འགོད་བྱེད་པ་དང་། རྒྱ་ཆེའི་རིག་རྩལ་དང་བླངས་པ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ནང་ཞུགས་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་སྔར་ལས་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་། སྣ་མང་ཅན་གྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་དགོས་ཟེར།
ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཞིན་ཧའེ་སྲང་ལམ་ཧའེ་ལེན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཞའོ་ནཱ་ཡིས་བཤད་རྒྱུར། དང་བླངས་ཞབས་ཞུ་ནི་སྡེ་ཁུལ་ལས་དོན་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་། སྡེ་ཁུལ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས། གྲོང་མིའི་དགོས་མཁོ་ཕྱོགས་སྟོན་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྡེ་ཁུལ་གྱི་འཇོན་མི་སྔར་ལས་མང་པོ་དང་བླངས་པའི་དཔུང་ཁག་ནང་ཞུགས་པར་འབད་པ་བྱས་ནས། ཞབས་ཞུ་གསར་གཏོད་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། བདེན་དགེ་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་སྤེལ་བྱེད་དགོས་ལ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས། དཔལ་ཡོན་གྱི་མེ་ཏོག་གང་སར་བཞད་ཐུབ་པར་བྱེད་དགོས་ཟེར།
པེ་ཅིང་ཕིང་ལན་སྤྱི་ཕན་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་ཝང་ཁི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་དང་བླངས་ཞབས་ཞུ་ནི་ཀྲུང་གོའི་དང་བླངས་ཞབས་ཞུའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ལེགས་པོ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་གསར་གཏོད་ཀྱི་ལམ་ནས་རྒྱལ་སྤྱིའི་དང་བླངས་ཞབས་ཞུའི་ལས་དོན་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན། “ཆུང་ཞིང་མཛེས་པའི”སྤྱི་ཕན་ལས་གཞི་སྔར་ལས་མང་ཞིང་ལེགས་པོ་ཇུས་འགོད་དང་ལག་བསྟར་བྱ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁྲོད་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དང་བླངས་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དང་བླངས་པ་སྟེ་ཀོང་ཏུང་ལག་རྩལ་དགེ་ཐོན་སློབ་ཆེན་གྱི་2023ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ལུའོ་ཡུས་ཀྲུང་གིས་བཤད་རྒྱུར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག ང་ཚོས་ཞབས་ཞུའི་ཁྲོད་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་བར་གྱི“མཁྲེགས་སྦྲེལ་མཐུད”དང་། ལུས་རྩལ་འགྲན་བསྡུར་གྱི“མཉེན་སྦྲེལ་མཐུད” དེ་ནས་མཚོ་ཁུག་ཁུལ་གྱི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི“སེམས་པའི་སྦྲེལ་མཐུད”བར། གཞོན་ནུ་དང་བླངས་པ་ཚོས་ལང་ཚོ་དང་སྤྲོ་སེམས་ལ་བརྟེན་ནས་བརྗེ་རེས་ཀྱི་འབྲེལ་ཟམ་བཙུགས་ཡོད། སྐྱོད་ལམ་གསར་པའི་ཐོག་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་། དང་བླངས་ཀྱི་སྙིང་སྟོབས་སེམས་སུ་འཇགས་པ། ཕྱི་རུ་ལག་ལེན་དུ་བསྟར་བ། བློ་ལ“རྒྱལ་ཁབ་ཆེན་པོ”འཆང་བ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ང་ཚོའི་ལང་ཚོའི་འོད་ཟེར་འཕྲོ་ངེས་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། འགན་འཁྲི་ནན་བསྒྲུབ་བྱས་ནས་དང་བླངས་ཞབས་ཞུའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་བོ་བཏོད་དགོས་ཞེས་བསྟན།
ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུའེ་ཧྲི་མིང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཤིས་འཕྲིན་གྱི་དགོངས་དོན་བརྒྱུད་སྒྲོག་ལེགས་པོ་དང་། སློབ་སྦྱོང་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས་གསལ་བོར་བཏོན་པའི“དང་བླངས་ཞབས་ཞུ་འཕེལ་རྒྱས་བཏང་ནས་དང་བླངས་ཞབས་ཞུའི་རྩ་འཛུགས་དོ་དམ་ལ་ཤུགས་སྣོན་དགོས”ཞེས་པའི་བཀོད་སྒྲིག་ལྟར། “སྣེ་ཁྲིད་དང་མཉམ་འབྲེལ། ཞབས་ཞུ། སྐུལ་འདེད”བཅས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་དང་བླངས་ཞབས་ཞུའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མང་ཚོགས་ཀྱི་དམངས་འཚོར་རང་འགུལ་ངང་ཞབས་འདེགས་ཞུ་དགོས། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛད་མཐའ་མེད་པའི་བཟང་ཕྱོགས་ཀྱི་ནུས་པ་བསྩོལ་དགོས་ཟེར།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡའོ་ལི་ཡིས་བཤད་རྒྱུར། ང་ཚོས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་དང་བླངས་ཞབས་ཞུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བྱ་བའི་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་དགེ་མཚན་བཏོན་ནས། ལས་རིགས་སོ་སོའི་དང་བླངས་ཞབས་ཞུའི་ཆུ་ཕྲན་རེ་རེ་མང་ཚོགས་ལ་ཞབས་འདེགས་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་ཆུ་བོ་ཆེན་པོ་རུ་བསྒྱུར་དགོས་ཟེར།
གུང་གཞོན་ཚོགས་པ་ཀྲུང་དབྱང་ན་གཞོན་དང་བླངས་པའི་འགུལ་སྐྱོད་མཛུབ་ཁྲིད་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཆིས་ཧུའུ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཏང་གི་ལྟེ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས་རྒྱ་ཆེའི་ན་གཞོན་དང་བླངས་པ་རྣམས་དང་བླངས་ཞབས་ཞུའི་ལག་ལེན་ཁྲོད་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་རྒྱ་ཆེའི་ན་གཞོན་དང་བླངས་པ་རྩ་འཛུགས་བྱས་ཏེ་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་གཙོ་གནད་ཁྱབ་ཁོངས་སུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགན་འཁྲི་ཆེན་པོ་འཁུར་དུ་འཇུག་དགོས་ཟེར།