
ཧི་ནན་གྱིས་འགྲིམ་འགྲུལ་ལྟེ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཞབས་འདེགས་ཞུ་བའི་ནང་འདྲེས་སུ་བཅུག
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་བསྐྲུན་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་དགོས་པ་བཏོན། ཧི་ནན་དང་ཧྲའན་ཞི་ཡིས་ས་བབ་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཟླ་བཅུ་གཅིག་པར་སླེབས་པ་དང་། ཧི་ནན་གྱི་འགྲིམ་འགྲུལ་ལས་གཞི་གལ་ཆེན་སྔར་བཞིན་འཛུགས་སྐྲུན་བྱེད་བཞིན་ཡོད། ཟླ་འགོར་ཕིན་ཏིང་རི་བོའི་གྲུ་ཁར་མཚོ་འགྲུལ་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱེད་འགོ་བརྩམས་ཤིང་། ཏུན་སྟོང་རིམ་པའི་གྲུ་གཟིངས་འབྲི་ཆུའི་སྨད་རྒྱུད་ཀྱི་བྱང་འགྲམ་དང་ཧོའེ་ཧི་གཙང་བོའི་ལྷོ་འགྲམ་ལ་ཐད་ཀར་འབྱོར་ཏེ། ཧི་ནན་ནུབ་རྒྱུད་ས་ཁུལ་དུ“གཙང་པོ་དང་རྒྱ་མཚོ་མཐུད་སྦྲེལ་ཤར་གཏོང”ཐུབ་པར་གྱུར་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་མགྱོགས་པོར་ལས་ཏེ་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། ཧྲང་ཆིའུ་གནམ་ཐང་ཉིན་ཤས་སྔོན་ལས་འགོ་བཙུགས་པ་དང་། ཧི་ནན་ཤར་རྒྱུད་ས་ཁུལ་དུ་མཁའ་ཐོག་བགྲོད་ལམ་གལ་ཆེན་ཞིག་གསར་དུ་བསྣན།
ཧི་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་གནམ་ཐང་འཛུགས་སྐྲུན་གཞུང་ལས་ཁང་གི་ཕྱོགས་བསྡུས་ཚན་ཁག་གི་ཚན་གཙོ་ཝང་པོ་ཡིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། ང་ཚོས་ད་ལྟའི་འཛུགས་སྐྲུན་དང་མ་འོངས་བའི་འཕེལ་རྒྱས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ“མཁའ་ལམ་དང་ལྕགས་ལམ། ཆུ་ལམ། གཞུང་ལམ”ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཧུར་ཐག་གིས་བཙུགས་ནས། འབྲི་ཆུའི་ཟུར་གསུམ་གྱི་གྲོང་ཁྱེར་ཚོམས་དང་སྦྲེལ་མཐུད་བྱས་ཏེ། ཧི་ནན་ཤར་རྒྱུད་ཀྱིས་ཐོན་ལས་སྤོ་སྒྱུར་འགན་ལེན་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།
ཧི་ནན་ནི་དབུས་རྒྱུད་ཀྱི་ལྟེ་བར་གནས་ཤིང་། ཧྭ་བྱང་དང་ཧྭ་ཤར། ཧྭ་དབུས་བཅས་སྦྲེལ་བའི་གནད་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཧི་ནན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྤྱིའི་གཞི་ཁྱོན་སྤྱི་ལེ་འབུམ་གཉིས་དང་ཁྲི་དགུ་སྟོང་གཉིས་ལ་སླེབས་ཏེ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་སྤྱི་ལེ་ཁྲི་གཅིག་དང་སྟོང་བཞི་འཕར་ཡོད། མྱུར་བགྲོད་གཞུང་ལམ་སྤྱི་ལེ་སྟོང་གཉིས་དང་དགུ་བརྒྱ་གསར་དུ་ལས་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར17ཚང་མར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད་ལ། ནང་འབབ་གཙང་པོའི་གྲུ་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་སྟོང་གཅིག་བརྒྱད་བརྒྱ་ཉེར་ལྔར་སླེབས་ཡོད། ཀྲིན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ལྟེ་བའི་བྱེད་ནུས་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཟོག་འགྲེམས་ལྟེ་གནས10རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་གྱི་མིང་ཐོའི་ནང་བཅུག་ཡོད།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྗེས་ཕྱོགས་ཧི་ནན་གྱིས་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱེད་པ་བརྒྱུད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཞབས་འདེགས་ཞུ་བའི་ནང་ཞུགས་རྒྱུ་རེད།
ཧི་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིའུ་ཀྲའོ་ཧིན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ཏེ། ང་ཚོས་སྐམ་མཚོ་མཉམ་འདྲེན་དང་མཚོ་ལམ་ལྕགས་ལམ་ཐད་འདྲེན་འཕེལ་རྒྱས་གཏོང་བ་དང་། “མཁའ་དབྱིངས་དར་གོས་ཚོང་ལམ”གྱི་ཁྱབ་འགྱེད་ཁྱབ་ཁོངས་རྒྱ་སྐྱེད་པ། ནང་འབབ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་མ་ལག་སྦྲེལ་མཐུད་བཟོ་སྐྲུན་ལག་བསྟར་བྱས་ནས་དབུས་རྒྱུད་ས་གཞི་ཆེན་མོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས།
ཧྲའན་ཞི་ཡིས་མགྱོགས་མྱུར་ངང་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་།
ད་ལྟ། ཞི་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཧྲའན་ཞི་བྱང་རྒྱུད་ཀྱི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཟླ་བ་རྗེས་མར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར་ཞི་ཨན་ནས་ཡན་ཨན་བར་གྱི་ལྕགས་ལམ་འཁོར་སྐྱོད་དུས་ཚོད་ད་ལྟའི་ཆུ་ཚོད2དང་ཕྱེད་ཀ་ནས་ཆུ་ཚོད་1ཡས་མས་ལ་ཇེ་ཐུང་དུ་ཕྱིན་ཏེ། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་འཕེལ་རྒྱས་གཏོང་བར་སྒུལ་ནུས་གསར་པ་སྣོན་ཐུབ།
རྒྱལ་ཁབ་ལྕགས་ལམ་ཞི་ཨན་ཅུའུ་སྐྱེལ་འདྲེན་པུའུ་ཡི་མྱུར་བགྲོད་ལྕགས་ལམ་དོ་དམ་ཚན་ཁག་གི་ཚན་གཙོ་ཅང་ཁུན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོའི་ད་ལྟའི་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཞི་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ད་ལྟ་ཚོད་ལྟའི་འཁོར་སྐྱོད་ཀྱི་གནད་འགག་གི་དུས་མཚམས་སུ་གནས་ཡོད་པས། ང་ཚོས་སྐྱེལ་འདྲེན་རྩ་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཚོད་ལྟས་ར་སྤྲོད་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ། འཁོར་སྐྱོད་ཤར་གཏོང་བྱ་ཆེད་རྨང་གཞི་བརྟན་པོ་བཏིངས་ནས། རྟེན་གཞིའི་ས་ཁུལ་རྙིང་པའི་མང་ཚོགས་སྔ་མོ་ནས་མྱུར་བགྲོད་མེ་འཁོར་དུ་འདུག་ཐུབ་པ་བྱེད་དགོས་ཟེར།
ནུབ་བྱང་གི་སྐམ་སའི་དབུས་ཁུལ་དུ་གནས་པའི་ཧྲའན་ཞི་ཡིས་ཤར་འབྲེལ་ནུབ་མཐུད་དང་ལྷོ་བྱང་སྦྲེལ་མཐུད་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཧྲའན་ཞི་ཡིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་དྲུག་སྟོང་བདུན་བརྒྱ་གོ་དགུ་གསར་སྣོན་བྱས་པ་དང་། མྱུར་བགྲོད་ལྕགས་ལམ་ལས་བཞིན་པའི་ལམ་ཚད་སྤྱི་ལེ་སྟོང་གཅིག་ལས་བརྒལ་ཡོད་ལ། འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐངT5མཁའ་འགྲུལ་ས་ཚིགས་ཐོག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་རྒྱལ་སྤྱིའི་འགྲུལ་སྐྱེལ་དང་ཟོག་འདྲེན་མཁའ་ལམ93ཡོད།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྗེས་མར་ཧྲའན་ཞི་ཡིས་ཀྲུང་ཡོབ་དུས་གཏན་མེ་འཁོར་ཞི་ཨན་གཅིག་བསྡུས་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས“མཁའ་འགྲུལ་དང་ལྕགས་ལམ། གཞུང་ལམ”སྣ་མང་གཞི་གཅིག་དང་ནུས་ཆེའི་མཉམ་འདྲེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་ཏེ། སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
ཧྲའན་ཞི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ཁྲུའུ་ཡི་ཁྲུའུ་ཀྲང་སུན་ཡུའེ་ཞིན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ནི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། ང་ཚོས་“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། ཞི་ཨན་ལྟེ་བར་བྱས་པའི“ཕྱོགས་བཞི་མཚམས་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་བསྣོལ་ཐིག་འཐུས་ཚང་དུ་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་འདུས་གྲུབ་མཉམ་འདྲེས་དང་གཞི་གཅིག་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། མི་རྣམས་འགྲོ་འདུག་རང་དབང་དང་། ཟོང་འགྲུལ་ཐོགས་མེད་ཡོང་བའི་ཕུགས་འདུན་བཟང་པོ་སྔ་ཙམ་མངོན་འགྱུར་ཡོང་བ་བྱེད་དགོས་ཟེར།