ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རམ་འདེགས་བྱ་དགོས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་སྐུལ་འདེད་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པ་བསྟན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”རིང་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག རང་རྒྱལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་བསྒྱུར་ལ་ཤུགས་བསྣན་ནས།  ཐཱན་ཉུང་དང་སྦགས་བཙོག་ཇེ་ཉུང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་མཐུན་སྦྱོར་ངང་སྤེལ་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམས་སྟབས་ཆེན་པོ་སྤོས།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ་ཟླ11པར་པར་ཙིར་གྱི་པེ་ལོན་དུ་འཚོགས། ཉིན13རིང་གི་གྲོས་མོལ་ཁྲོད། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཚོགས་ཆེན་ལས་གནམ་གཤིས་འགྱུར་ལྡོག་ཇེ་དལ་དང་འགྱུར་ལྡོག་ལ་བསྟུན་པ། གནམ་གཤིས་ཀྱི་དངུལ་བསྲེས། རྒྱལ་སྤྱིའི་མཉམ་ལས་སོགས་འགག་རྩའི་གྲོས་གཞི་མང་པོའི་ཐད་གཅིག་མཐུན་ལྟ་བ་གྲུབ་པར་སྐུལ་འདེད་བཏང་ནས། 《ཕ་རི་སིའི་གྲོས་ཆོད》བསྟུད་མར་ལག་བསྟར་བྱ་རྒྱུར་གཏན་འཁེལ་རང་བཞིན་དང་བཟང་ཕྱོགས་ཀྱི་ནུས་པ་བསྩལ། ད་ལོ་ནི《ཕ་རི་སིའི་གྲོས་ཆོད》ལ་མིང་རྟགས་བཀོད་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་སྐོར་ཐེངས་གསར་བ་བཞག་པའི་མཚམས་གལ་ཆེན་ཞིག་ཀྱང་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་རྩེ་ཚོགས་སྟེང་རང་རྒྱལ་གྱི2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་འཇོག་པའི་དམིགས་ཚད་བསྒྲགས་པ་དེ། ལོ་རྒྱུས་རང་བཞིན་གྱིས་དཔལ་འབྱོར་གྱི་ཁྱབ་ཁོངས་ཡོངས་སུ་ཁེབས་ཡོད་ལ། དེའི་ཁྲོད་དྲོད་ཁང་རླུང་གཟུགས་ཚང་མ་ཚུད་ཡོད། དེ་ཡིས་རང་རྒྱལ་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་པ་བརྟན་པོ་དང་བྱས་རྗེས་འཇོག་མཁན་གཙོ་བོ་ཡིན་པའི་ཆ་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཡོད་པ་མཚོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་བསྐྱོད་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།  ཐཱན་ཚད་ལྡན་དང་ཐཱན་སྙོམ་སྦྱོར་གསལ་བོར་བཏོན་པའི་ལོ་ལྔའི་རིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གང་དུ་ཕེབས་ན་ལྗང་མདོག་འཕེལ་རྒྱས་ཀྱི་དགོངས་པ་དེ་རུ་བསྒྲགས། ཁོང་གིས་ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདངས་ཡིན་པ་དང་།  ཐོན་སྐྱེད་ནུས་ཤུགས་གསར་པ་ནི་མ་གཞི་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཡིན་པ་བསྟན་ལ། ལྗང་མདོག་ཕྱོགས་སྒྱུར་ནི་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཡིན་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བའང་ཡིན་པ་ནན་གྱིས་བསྟན།  རྣམ་བཤད་གལ་ཆེན་དེ་དག་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ནང་དོན་རྒྱས་བཤད་ཟབ་མོ་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁོ་འདོན་བྱས།

རྒྱལ་ཁབ་གནམ་གཤིས་འཐབ་ཇུས་ལྟེ་གནས་འཐབ་ཇུས་འཆར་འགོད་པུའུ་ཡི་ཀྲུའུ་རིན་ཁྲའེ་ཆི་མིན་གྱིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་དང་སྙིགས་འཕྲི། ཁྱོན་ཡོངས་དང་ཆ་ཤས། ཡུན་རིང་གི་དམིགས་འབེན་དང་དུས་ཐུང་གི་དམིགས་ཡུལ། སྲིད་གཞུང་དང་ཁྲོམ་ར་བཅས་བར་གྱི་འབྲེལ་བ་གཅིག་གྱུར་སྒོས་ཐག་གཅོད་ཡག་པོ་བྱས་ལ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་འདྲེས་སུ་བཅུག་སྟེ། སྲིད་གཞུང་གིས་ཁྲིད་སྟོན་ནུས་ལྡན་དང་ཁེ་ལས་ཀྱིས་ཚུར་སྣང་ལེགས་པོ་བྱེད་པ། དམངས་ཡོངས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཆགས།

“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”ཚུན་ལ།  རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་དུ་གཏོང་བ་འཐབ་ཇུས་ཁ་ཕྱོགས་གཙོ་བོར་འཛིན་པའི་གནད་འགག་གི་དུས་སྐབས་སུ་སླེབས་ནས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལག་ཏུ་བསྟར་བ་དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་། ཐད་བྱུང་ནུས་ཁུངས་གོང་དུ་འཕེལ་ནས། རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བ་དང་མྱུར་ཚད་ཆེས་མགྱོགས་པའི་ནུས་ཁུངས་གསར་པའི་འཕེལ་རྒྱས་མངོན་འགྱུར་བྱས།  ཐད་བྱུང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལྡབ་འགྱུར་གྱིས་འཕར་ནས། རླུང་གློག་དང་ཉི་ནུས་གློག་འདོན་གྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར2030ལོའི་རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་འཇོག་པའི་དམིགས་ཚད་སྔོན་ལ་གྲུབ། ཐོན་ལས་ཐཱན་ཉུང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན། རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ6430ཡིས་བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཤིང་། ཐོན་སྐྱེད་རིན་ཐང་གི་ཟིན་ཚད20%རུ་གཏན་འཇགས་ངང་འཕར། འཁོར་རྒྱུག་དཔལ་འབྱོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོའི་ཚུར་བསྡུ་ས་ཚིགས་ཆིག་འབུམ་ལྔ་ཁྲི་ལས་བརྒལ།  ཐོན་ལས་གསར་བ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས“གསར་པ་གསུམ”གྱི་དཔལ་འབྱོར་གྱིས་རྒྱལ་དམངས་ཐོན་སྐྱེད་སྤྱི་ཐང་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི18ལས་བརྒལ་ཡོད། ཚོང་རའི་སྒྲིག་སྲོལ་བསྟུད་མར་འཐུས་ཚང་དུ་ཕྱིན། རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ཐཱན་ཁྲོམ་ར་བསྐྲུན་པ་དང་། ད་ལོར་ངར་ལྕགས་དང་ཨར་འདམ། ཧ་ཡང་བཙོ་སྦྱང་ལས་རིགས་བཅས་གསར་དུ་བསྣན་པ་དང་། རྒྱལ་ཡོངས་ཀྱི་ཐཱན་འབུད་ཚད60%ཡན་ཁེབས་ཡོད། མིག་སྔའི་བར། བསྡོམས་རྩིས་ལྟར་ན་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཚོང་འགྲིག་ཚད་ཏུན་དུང་ཕྱུར8ལས་བརྒལ་ནས། ཚོང་འགྲིག་ཚད་བསྡོམས་པས་སྒོར་ཐེར་ཆེན་ལྔ་ཐེར་འབུམ་བཞི་ལྷག་ཡིན། འཛམ་གླིང་ལ་བྱས་རྗེས་བཞག་པ་ལས་འགན་འཁྲི་འཁུར་སེམས་མངོན།  རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་ཧུར་ཐག་སྒོས་སྣེ་ཁྲིད་བྱས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ43དང་གནམ་གཤིས་འགྱུར་ལྡོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཟིན་ཐོ55ལ་མིང་རྟགས་བཀོད་དེ། ནུས་པའི་འཛུགས་སྐྲུན་རྣམ་གྲངས་དུས་ཐེངས300ལྷག་ལག་བསྟར་བྱས།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཕྱིར་གཏོང་བྱས་པའི་རླུང་གློག་དང་འོད་རྟེན་ཐོན་རྫས་ཀྱིས་རྒྱལ་ཁབ་གཞན་དག་ལ་ཐཱན་འབུད་ཚད་ཧ་ལམ་ཏུན་ཐེར་འབུམ་བཞི་དུང་ཕྱུར་གཅིག་ཉུང་དུ་བཏང་།

ལོན་ཏོན་སློབ་ཆེན་སློབ་གླིང་གི་ནུས་ཁུངས་དང་གནམ་གཤིས་འགྱུར་ལྡོག་གི་དགེ་རྒན་ཆེན་མོ། མའེ་ཁེ་འར.ཀི་ལཱ་པུའུ་ཡིས་བཤད་རྒྱུར། ང་ཚོར་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པའི་དུས་ཚོད་མང་པོ་མེད་ལ། ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་ནས། ཀྲུང་གོས་ཐད་ཀར་བཙོག་འབུད་ཉུང་གཏོང་ཐད་འབད་པ་བྱས་ཏེ། དཔལ་འབྱོར་གྱི་བྱས་རྗེས་ངོ་མ་འཇོག་ཐུབ་པ་མ་ཟད། སྦགས་བཙོག་བཟོ་བའི་འབར་རྫས་ཀྱི་ཚབ་ཀྱང་བྱེད་ཐུབ་པའི་ནུས་ཁུངས་གཙང་མའི་ཐོན་ལས་གསོ་སྐྱོང་བྱས། འབད་པ་འདི་དག་སྔར་བས་ལེགས་ཤིང་རྒྱ་ཁྱབ་ངང་མཉམ་སྤྱོད་བྱེད་དགོས།

“ལོ་ལྔའིའཆར་འགོད་བཅོ་ལྔ་པའི”འཆར་འགོད《གྲོས་གཞི》ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཕྱོགས་བསྒྱུར་ཇེ་མགྱོགས་སུ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས་ལ།  ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་ནས། མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་འཕེལ་རིམ་གསར་བ་འབྱུང་བར་སྐུལ་འདེད་བཏང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོས་སྐྱེ་ཁམས་ཀྱི་རྨང་གཞི་དང་འཕེལ་རྒྱས་ཀྱི་དགེ་མཚན་ལ་རྒྱུན་ཆད་མེད་པར་རྨང་གཞི་བཏིང་ནས། ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་རོལ་སྟངས་མྱུར་དུ་གྲུབ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བྲིས།