ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སློབ་སྦྱོང་དང་ལག་བསྟར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག  ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གྱི་གོམ་ཁ་ཇེ་མགྱོགས་སུ་བསྒྱུར་ནས། ཐོན་སྐྱེད་ནུས་ཤུགས་གསར་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་དགོས་པ་བཏོན། ཀྲེ་ཅང་དང་ལེའོ་ཉིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་གསར་པ་དམ་འཛིན་བྱས་ནས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་བཅོས་བསྒྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ལ་ཁྱོན་ཡོངས་ནས་རང་བརྟེན་གསར་གཏོད་བྱེད་པའི་ནུས་བ་ཆེ་རུ་བཏང་།

ཀྲེ་ཅང་ཝུན་ཀྲོའུ་རུ་ཡོད་པའི་སྨན་བཅོས་ཡོ་བྱད་ཁེ་ལས་འདིར་མཐོ་རིམ་སློབ་ཆེན་ཀྱི་ཚན་ཞིབ་མི་སྣས་ཐོན་རྫས་གསར་པ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། སྲིད་གཞུང་གིས་བདམས་མངག་བྱས་པའི་ཚན་ཞིབ་མི་སྣར་བརྟེན་ནས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་དཀའ་གནད་སེལ་བ་མ་ཟད། ཐོན་རྫས་གསར་པ་གསར་སྤེལ་བྱས་པར་ཁྲོམ་རའི་དགའ་བསུ་ཐོབ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཀྲེ་ཅང་གིས་ཤེས་ལྡན་མི་སྣ་འཁོར་རྒྱུག་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་ཆེན་སོགས་ནས་རིམ་པ་མཐོ་བའི་ཚན་ཞིབ་མི་སྣ་ཁེ་ལས་སུ་བདམས་ནས་ལས་འགན་གཅིག་ལྕོགས་ཀྱིས་འཁུར་བའི་བྱ་ཐབས་བརྒྱུད་དེ་མཐོ་རིམ་སློབ་ཆེན་གྱི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་དཀའ་བ་དང་ཁེ་ལས་ལ་གསར་གཏོད་བྱེད་པའི་ཤེས་ལྡན་མི་སྣ་དཀོན་པའི་དཀའ་གནད་སེལ།

ཀྲེ་ཅང་ཡུས་དིན་སྨན་བརྟེན་ཆ་དཔྱད་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་ཀྲོའུ་ཞའོ་ཏན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོར་རང་བརྟེན་གསར་གཏོད་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་སྔར་བས་བརྟན་པར་བྱས་ལ། ཚན་ཞིབ་མི་སྣ་མངགས་གཏོང་བྱས་པ་བརྒྱུད། ང་ཚོས་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བྱེད་པ་དང་དུས་མཚུངས་སུ་ང་ཚོའི་ཐོན་སྐྱེད་ཞིབ་སྤེལ་གྱི་དཀའ་གནད་ལས་མཐོ་རིམ་སློབ་ཆེན་ལ་ཞིབ་འཇུག་བྱ་གཞི་གསར་པ་མཁོ་འདོན་བྱེད་ཐུབ་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཀྲེ་ཅང་གིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་ཁེ་ལས་བཅས་ལ་དམིགས་ནས་ཁ་གཏད་རང་བཞིན་གྱིས་ཚན་ཞིབ་མི་སྣ་ཆིག་སྟོང་བདུན་བརྒྱ་ལྷག་མངགས་གཏོང་བྱས།  དེ་དག་མི་ཐབས་རིག་ནུས་དང་སྐྱེ་དངོས་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། མིག་སྔར་ཀྲེ་ཅང་ལ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་བཞི་སྟོང་བདུན་ལྷག་ཡོད་དེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མ་ལག་མུ་མཐུད་ནས་འཐུས་སྒོ་ཇེ་ཚང་དུ་གྱུར་པ་དང་ས་ཁུལ་རིམ་པའི་གསར་གཏོད་ནུས་པ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མིག་སྔའི་དུས་འདིར། ཀྲེ་ཅང་གིས་གསར་གཏོད་ཐོན་ཁུངས་ཁེ་ལས་ཕྱོགས་ལ་བསྡུ་རུབ་བྱེད་པར་སྐུལ་འདེད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། གསར་གཏོད་སྦྲེལ་ཐག་དང་མ་དངུལ་སྦྲེལ་ཐག  ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་གཏིང་ཟབ་སྒོས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་ཚན་རྩལ་ཐིང་གསར་གཏོད་མ་ལག་དང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་མགོ་གཙོ་ཆི་ཤིན་གྱིས་བཤད་རྒྱུར། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲེ་ཅང་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་བཅོས་བསྒྱུར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་ཤུགས་རྒྱག་ས་དང་འགག་སྒྲོལ་བྱེད་གནས་གནད་འཁེལ་དུ་བཟུང་ནས་དམ་འཛིན་ཏན་ཏིག་བྱ་རྒྱུ། གསར་སྤེལ་ཀྲེ་ཅང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ས་གནས་དང་མཐུན་པའི་སྒོ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་དུ་བསྒྱུར་བར་ཚན་རྩལ་རོགས་འདེགས་སྟོབས་ཆེན་མཁོ་སྤྲོད་བྱ་རྒྱུ་ཡིན་ཟེར།

ཉེ་སྔོན། ལེའོ་ཉིང་རྒྱུ་ཆ་ཚོད་ལྟ་ཁང་གིས་ལྕགས་རིགས་རྒྱུ་ཆའི་ནུས་བ་ཇེ་ཆེར་བསྒྱུར་བའི་ཁྱབ་ཁོངས་སུ་ཐོད་བརྒལ་ཆེན་པོ་བྱུང་། ཞིབ་འཇུག་གྲུབ་འབྲས་གསར་པས་ལྕགས་རིགས་རྒྱུ་ཆའི་ནུས་པ་ཆེས་ཆེར་ཇེ་མཐོ་རུ་སོང་ནས་མཁའ་འགྲུལ་མཁའ་སྐྱོད་དང་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནས་བཀོལ་སྤྱོད་བྱེད་པར་མདུན་ལམ་ཆེན་པོ་ལྡན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ་ཅི་བཞིན། འདིས་ཚན་རིག་ཞིབ་འཇུག་མི་སྣར་མ་འོངས་པར་མུ་མཐུད་ནས་ཞིབ་འཇུག་བྱེད་པར་ཡིད་ཆེས་ཡོད་པར་བྱས།

ལེའོ་ཉིང་རྒྱུ་ཆ་ཚོད་ལྟ་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཤིའུ་ཡན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད། ཚན་རྩལ་ལས་བྱེད་པ་ཞིག་གི་ངོས་ནས་བཤད་ན། ང་ཚོར་འགན་འཁྲི་ལྕི་མོ་ཡོད། རེ་བ་ཡིན་ན་ང་ཚོས་འདི་ལྟ་བུའི་འབྲས་བུ་སྔར་ལས་མང་པོ་ཐོན་པར་བྱས་ནས་ང་ཚོའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ལིའོ་ཉིང་གིས་ཚན་རྩལ་གསར་གཏོད་ཐད་ཀྱི“གདུང་བཞི་ཀ་བརྒྱད”མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཡོད། རྒྱུ་ཆའི་ཚོད་ལྟ་ཁང་ཚུད་པའི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་བཞི་བཙུགས་ནས། རྒྱུ་ཆ་གསར་པ་དང་། རིག་ནུས་བཟོ་སྐྲུན། ནུས་ཁུངས་གཙང་མ་དང་དེ་བཞིན་ཞིབ་ཕྲའི་རྫས་འགྱུར་བཟོ་ལས། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་ལོ་རེར་ཆ་སྙོམས་འཕར་ཚད24%ལས་བརྒལ། སྔོན་ཐོན་གྱི་གྲུབ་འབྲས་མང་པོ་ཚོད་ལྟ་ཁང་ནས་ཐོན་སྐྱེད་སྒྲུབ་རིམ་དུ་བསྐྱོད་དེ་ཐོན་སྐྱེད་ནུས་ཤུགས་སུ་གྱུར་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ལིའོ་ཉིན་གྱིས་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཁྱོན་ཡོངས་ནས་ཇེ་ཆེར་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་པ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ཡོད།

ལེའོ་ཉིང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཞུས་ཨའེ་ཏུང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བཟུང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་མཉམ་འདྲེས་བྱ་རྒྱུ་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ནས། གཡོ་བ་མེད་པར“སྲུང་སྐྱོང་གཉིས”ཇེ་བརྟན་དུ་བཏང་ཡོད་ལ། ཁྱོན་ཡོངས་ནས་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་བསྐྲུན་ཡོད་པར་མ་ཟད། ཧུར་ཐག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བར་ལེའོ་ཉིང་གི་སྟོབས་ཤུགས་ཕུལ་ཡོད་ཟེར།