ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་དང་ཁྲིན་ཏུའུ་རུ་མཛའ་མཐུན་སྤེལ་རེས་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དུ། ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་དང་མཛའ་མཐུན་སྤེལ་རེས་མཛད།

ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དུ། ཧྥ་རན་སེའི་སྲིད་འཛིན་མ་ཁི་ལུང་དང་མཛའ་མཐུན་སྤེལ་རེས་མཛད།

དགུན་སྟོད་ཀྱི་ཏུའུ་ཅང་ཡན་དུ་ད་རུང་སྡོང་ལོ་ལྗང་ཁུ་ཡིན། མ་ཁི་ལུང་བཟའ་ཟླ་གཉིས་འབྱོར་སྐབས་ཞི་ཅིན་ཕིང་དང་ཕིན་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས། ཞི་ཅིན་ཕིང་གིས་མ་ཁི་ལུང་ལ། ཁྲིན་ཏུའུ་གྲོང་ཁྱེར་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ། ན་ནིང་ཁྱོད་ཀྱིས་ང་ཁྱོད་ཀྱི་ཕ་ཡུལ་ཧྲང་པི་ལི་ཉིའུ་སི་ཞིང་ཆེན་དུ་གདན་འདྲེན་ཞུས་པ་རེད། ད་ཐེངས་ཁྱོད་ཀྱིས་ཀྲུང་གོར་རྒྱུས་ལོན་སྔར་ལས་ཟབ་མོ་ལོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བཟའ་ཟླས་ཏུའུ་ཅང་ཡན་གྱི་ཆུ་རགས་བྱས་རྗེས་མི་སྣའི་རྗེས་དྲན་རྒྱུ་ལམ་དུ་བཀའ་མོལ་གནང་བཞིན་ཕེབས།

ཞི་ཅིན་ཕིང་གིས་ཏུའུ་ཅང་ཡན་གྱི་ལོ་རྒྱུས་དང་དོན་སྙིང་ངོ་སྤྲོད་གནང་སྟེ། ཏུའུ་ཅང་ཡན་ཆུ་བེད་བཟོ་སྐྲུན་ནི་ད་ལྟ་འཛམ་གླིང་ཡོངས་སུ་སྔར་བཞིན་སྤྱོད་བཞིན་པའི་གནའ་བོའི་ཆུ་བེད་བཟོ་སྐྲུན་འབའ་ཞིག་ཡིན་པ་དང་། མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལག་ལེན་གྲུབ་འབྲས་སྔ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། བཟོ་སྐྲུན་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་དཀའ་ངལ་ལ་མི་ཞུམ་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་སྒོས་མཚོན་ཡོད། ཏུའུ་ཅང་ཡན་དུ་སླེབས་ཐེངས་རེར། རྒན་རབས་པ་རྣམས་ཀྱིས་ཡུལ་བབ་དང་བསྟུན་ནས་བྱ་བ་སྒྲུབ་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ། ཆུ་བཅོས་དམངས་ཕན་བཅས་ཀྱི་རླབས་ཆེན་མྱོང་ཚོར་བྱས་ནས། དེ་ལས་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་བསྡུ་ལེན་བྱེད་ཐུབ་ལ། ཧྥ་རན་སེའི་མི་རིགས་ལའང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་གཅིག་མཚུངས་ཡོད་པས། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ནི་རྒྱལ་ཁབ་གཞན་དག་ལས་ཀྱང་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་ཐུབ་ཅེས་གསུངས།

མ་ཁི་ལུང་གིས་ཏུའུ་ཅང་ཡན་དུ་རི་སྔོ་ཆུ་དྭངས་དང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་སྔོན་ལ་བསྐྲུན་ཟིན་པའི་ཆུ་བེད་བཟོ་སྐྲུན་གྱིས་ད་ལྟའི་བར་དུ་སྔར་བཞིན་ནུས་པ་འདོན་བཞིན་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་ལས་བརྩོན་དང་བློ་གྲོས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀར་ཡུན་རིང་པའི་ལོ་རྒྱུས་དང་རིག་གནས་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་དོན་གཉེར་བྱེད་པ་ནི་གཅིག་འདྲ་རེད། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱིས་མཉམ་དུ་དར་རྒྱས་གོང་འཕེལ་དོན་གཉེར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆོག་ཅེས་གསུངས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བཟའ་ཟླ་ཧོའེ་ཀུའུ་ལྡིང་ཁང་དུ་བཞུགས་ཏེ་ཆུ་ཁར་ཇ་གསོལ་བ་དང་འཛམ་གླིང་གནས་ཚུལ་སྐོར་ནས་གླེང་མོལ་གནང་།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བ་ལ་མཚོན་ན་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ། བསམ་པའི་དཔལ་ཡོན་མཐོར་འདེགས་ཀྱང་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་ལྡན་པའི་མི་རིགས་ཤིག་ཡིན་ཚེ་ད་གཟོད་རང་རྐྱ་འཕེར་བར་རྐང་ཚུགས་ཐུབ་པ་དང་བརྟན་པོར་གནས་ཐུབ་པ། རྒྱང་རིང་དུ་བསྐྱོད་ཐུབ། ཀྲུང་ཧྭའི་ཤེས་རིག་ནི་འཛམ་གླིང་ཐོག་རྒྱུན་མ་ཆད་པ་དང་རྒྱལ་ཁབ་ཀྱི་རྣམ་པ་ཡིས་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་རླབས་ཆེན་གྱི་ཤེས་རིག་ཉག་ཅིག་ཡིན། དེར་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། དཀྱེལ་ཡངས་རང་བཞིན། ཞི་བདེའི་རང་བཞིན་བཅས་མངོན་གསལ་དོད་པོ་ལྡན། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ནི་ཤར་ནུབ་ཕྱོགས་ཀྱི་ཤེས་རིག་གི་ཕུལ་བྱུང་མཚོན་བྱེད་ཡིན་ལ། རྒྱལ་ཁབ་གཉི་གར་རང་བཙན་རང་བདག་གི་སྙིང་སྟོབས་ལྡན་པ་ནི་སོ་སོའི་གཏིང་ཟབ་པའི་རིག་གནས་ལས་བྱུང་བ་ཡིན། ཀྲུང་གོ་དང་ཧྥ་རན་སེའི་བར་ འབྲེལ་བ་བཙུགས་པ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་གཉིས་བར་ ཕྱག་འཇུ་བྱེད་པ་ལྟ་བུ་ཞིག་ཡིན་པར་མ་ཟད། འོད་སྟོང་འཕྲོ་བའི་ཤེས་རིག་ཆེན་པོ་གཉིས་ཀྱི་མཉམ་འདྲེས་ཤིག་ཀྱང་ཡིན། འགྱུར་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཡུན་རིང་པའི་ལོ་རྒྱུས་དང་རིག་གནས་ཡོད་པའི་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་གླེང་མོལ་དང་མཉམ་ལས་བྱེད་པ་བརྒྱུད། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་བར་མཉམ་དུ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།

མ་ཁི་ལུང་གིས་མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་མགྱོགས་མྱུར་ངང་འགྱུར་ལྡོག་བྱུང་ནས་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གླེང་མོལ་དང་གྲོས་མོལ་བརྒྱུད་གདོང་ཐུག་འགལ་ཟླ་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་བཟའ་ཟླ་གཉིས་ཀྱིས་མ་ཁི་ལུང་བཟའ་ཟླ་གཉིས་གུང་ཚིགས་ལ་གདན་ཞུ་ཞུས་ནས་མུ་མཐུད་དུ་སྤེལ་རེས་ཟབ་མོ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་འབྲེལ་གཏུག་ཟབ་མོའི་རྒྱུན་བསྐྱངས་ནས། ཀྲུང་གོ་དང་ཧྥ་རན་སེའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བསྟུད་མར་མདུན་དུ་སྤེལ་བར་མོས་མཐུན་བྱུང་།

འཚམས་འདྲིའི་སྐབས་སུ། ཕྱོགས་གཉི་གས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་དང་ཁོར་ཡུག་གི་འགྲན་སློང་ལ་མཉམ་དུ་གདོང་གཏོད་པ། ཉིང་རྡུལ་ནུས་པ་ཞི་བདེ་ངང་བེད་སྤྱོད་པ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་བསྟུད་མར་སྤེལ་བ། ཞིང་ལས་དང་ཟས་རིགས་སྤེལ་རེས་དང་མཉམ་ལས།  ཝུའུ་ཁི་ལན་གྱི་གནས་བབ་དང་ཕ་ལེ་སི་ཐན་གྱི་གནས་བབ་བཅས་ཀྱི་ཐད་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཝང་དབྱི་ཡིས་གོང་གསལ་བྱེད་སྒོར་ཞུགས།