ཝང་ཧུའུ་ཉིང་གིས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ཡི་གདན་ཞུས་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ་12ཚེས3ཉིན་ནས་ཚེས4ཉིན་བར་དུ། ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ་དང་། ཡ་ཅ་ཏ་རུ་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཝོ་དང་རྒྱལ་ཚོགས་ཀྱི་གྲོས་གཙོ་པུའུ་ཨན། ས་གནས་འཐུས་མིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ན་ཅ་མུའུ་ཏིང་བཅས་ལ་སོ་སོར་མཇལ་འཕྲད་གནང་ཞིང་། ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་དང་གྲོས་མོལ་གནང་།

ཕུའུ་ལ་པོ་ཝོ་དང་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས་པར་མ་ཟད། སུའུ་མོན་ཏ་ལ་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པར་འཚམས་འདྲི་གནང་། ཝང་ཧུའུ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་གཉིས་མཇལ་འཕྲད་ཐེངས་མང་གནང་སྟེ། “ཀ་རྟེན་ཆེན་པོ་ལྔའི”ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རྣམ་པ་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་ཡོད་ལ། ལག་གདང་སྦྲེལ་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་དེ་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ཡོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་གསུངས།

ཕུ་ལ་པོ་ཝོ་ཡིས་ཝང་ཧུའུ་ཉིང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་བསྐུར་ཏེ། ཀྲུང་གོས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་ཧིན་རྡུ་ཉི་ཞི་ཡས་སེམས་གཏིང་ནས་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ལ།  ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུ་བ་དང་། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་བསྐྱར་བསྒྲགས་བྱས།  ཧིན་རྡུ་ཉི་ཞི་ཡས་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།