གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་སྤོས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཞིང་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་དང་ཞིང་སྡེ་ས་ཁུལ་སྔར་ལས་དར་རྒྱས། ཞིང་པའི་འཚོ་བ་སྔར་ལས་ཇེ་བཟང་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་བསྟན། ”

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་མཇུག་མཐའི་ལོ་ཡང་ཡིན་པས།  རང་རྒྱལ་གྱིས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཏེ།  འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས་པ་དང་།  གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་།

དེ་ནི་ཐོབ་དཀའ་བའི་གྲུབ་འབྲས་ཤིག་རེད། 2025ལོར། རང་རྒྱལ་གྱིས་སྔ་རྗེས་སུ་ཐན་པ་དང་ཆུ་ལོག་སོགས་གནམ་གཤིས་ངན་པའི་ཉམས་སད་སྣ་ཚོགས་ཐེག་ཐུབ་པར་བྱས་ནས་དབྱར་འབྲུའི་ཐོན་འབབ་ཡག་པོ་བླངས་ཡོད་ལ།  སྔ་སྨིན་འབྲས་ཐོན་འཕར་བྱུང་བ་དང་ལོ་ཧྲིལ་པོར་འབྲུ་རིགས་ཐོན་སྐྱེད་ཐད་སླར་ཡང་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད། མིག་སྔར།  རྒྱལ་ཡོངས་ཀྱི་སྟོན་དགུན་དུས་ཀྱི་སོན་འདེབས་བདེ་བླག་ངང་མཇུག་སྒྲིལ་ཤིང་། འདེབས་འཛུགས་རྒྱ་ཁྱོན་བརྟན་པོའི་ངང་འཕར་བ་དང་། མྱུ་གུ་འབུས་ཚད་སྤྱིའི་ཆ་ནས་བཟང་བས། སང་ལོའི་འབྲུ་རིགས་ལ་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

2025ལོར། མཁའ་དབྱིངས་ལྗོངས་གཟིགས་དང་ནགས་ཚལ་རོལ་དབྱངས་འདུ་ཚོགས་སོགས་གསར་དར་འཛད་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་ཐོན་ནས་གྲོང་གསེབ་ནི་ཀུན་གྱིས་ཡིད་སྨོན་བྱེད་པའི“གནས་མཆོག”ཅིག་ཏུ་གྱུར་ཡོད།

“གསར་ཐོན་ཆེད་ལས་ཞིང་པའི”བསྡོམས་འབོར་མི་གྲངས་ས་ཡ་གཉིས་ལས་བརྒལ་ཡོད་པ་དང་།   ཞིང་པ་སྔར་ལས་མང་བོས་ཧུར་ཐག་གིས་ལག་རྩལ་གསར་པ་སློབ་སྦྱོང་དང་ལས་རྣམ་གསར་པར་བརྟེན་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།

ད་ལྟའི་ཀྲུང་གོས་ཞིང་ལས་སྟོབས་ཤིང་གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཀྱི་ཉམས་དགའ་བའི་པར་རིས་ཤིག་མགྱོགས་མྱུར་གྱིས་འབྲི་བཞིན་ཡོད།

ད་ལོའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་ཏུ་གཟིགས་ཞིབ་གཏིང་ཟབ་གནང་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་ཇུས་འགོད་གནང་བ་རེད། ཞིང་ལས་ཇི་ལྟར་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས”པ་ནན་གྱིས་བསྟན་པ་དང་།  ཁོང་གིས“ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་དང་གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།  ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཇེ་མང་དུ་བཏང་སྟེ་ཞིང་པ་མང་ཚོགས་སྔར་ལས་མང་བོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས”པ་བསྟན་ཡོད། ཞིང་པར་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་།  རྫོང་མཁར་འདེགས་སྐྱོར་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་ཐོན་ལས་སྦྲེལ་ཐག་གི་བཀོད་པ་ཇེ་ལེགས་སུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འཐབ་ཇུས་ཞིབ་འཇུག་ཁང་གི་འགོ་གཙོ།  ཁྲིན་གོ་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད་པ་དང་། རང་རྒྱལ་གྱིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཞིབ་ཕྲའི་ལག་བསྟར་ཐབས་ལམ་ཁ་གསལ་བཟོས་ཡོད། ད་ལོའི་ཚུན་དུ་ཞིང་ལས་དང་ཞིང་སྡེ་ལ་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་གསར་པ་མང་པོ་བྱུང་ཡོད། ཚན་རྩལ་གྱིས་ཞིང་ལས་ཐོན་སྐྱེད་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་འབུར་དུ་ཐོན་ཡོད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་དང་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ཐད་ལའང་འཕོ་འགྱུར་གཏིང་ཟབ་བྱུང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་མུ་མཐུད་དུ་རྨང་གཞི་བརྟན་པོ་བཏིངས་ཡོད།

2025ལོར།  ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ལ་མུ་མཐུད་དུ་ཤུགས་བསྣན།  རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བེད་སྤྱོད། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། ཞིང་ལས་འགན་བཅོལ་དང་གྲོན་དངུལ་འགན་ལེན་སོགས་ཁ་གསབ་རོགས་དངུལ་བྱིན་པས་ཞིང་པའི་འབྲུ་རིགས་འདེབས་པའི་བརྩོན་སེམས་ལ་སྐུལ་སློང་ནུས་ལྡན་བྱས་ཡོད། 《རིམ་བཞིན་ཡུན་རིང་གཞི་རྩའི་ཞིང་ས་ཚད་གཞི་མཐོ་བའི་ཞིང་ཁར་བསྐྲུན་རྒྱུའི་ལག་བསྟར་ཇུས་གཞི》ཡང་ད་ལོར་པར་འགྲེམས་བྱས་པ་དང་། སྔོན་དཔག་བྱས་ན། ད་ལོར་ཚད་གཞི་མཐོ་བའི་ཞིང་ས་མུའུ་བྱེ་བ་བརྒྱད་གསར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ་རེད།

2025ལོར། རྒྱལ་ཡོངས་ཀྱི་རྫོང702ཀྱིས་འབྲུ་སྣུམ་སོགས་སྐྱེ་དངོས་གཙོ་བོའི་མུའུ་རེའི་ཐོན་ཚད་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་སྤེལ།  འབྲུ་སྣུམ་ལོ་ཏོག་གཙོ་བོའི་ཁྲོད། མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ནས། སྔོན་གྱི་མུའུ་རེར་སྡོང་རྐང་སྟོང་གསུམ་ལྷག་ནས་ད་ལོར་ཆ་སྙོམས་རྐང་སྟོང་ལྔའི་བར་འཕར་བ་དང་ཞིན་ཅང་གི་ས་ཁུལ་ཁག་གཅིག་ཏུ་རྐང་སྟོང་བདུན་གྱི་ཡན་ཟིན་ཡོད།

2025ལོར་ཞིང་ལས་ཐོན་སྐྱེད་ཐད་སྔར་ལས་རིག་ནུས་ཅན་དུ་གྱུར། སོན་འདེམས་དང་འདེབས་འཛུགས་ནས་ས་ཞིང་དོ་དམ་བྱེད་པའི་བར་གཞི་གྲངས་ཆེན་པོའི་དཔེ་དབྱིབས་ཀྱིས་རིམ་བཞིན་སྲོལ་རྒྱུན་ཉམས་མྱོང་གི་ཚབ་བྱེད་པ་དང་རམ་འདེགས་ཐབས་ཇུས་སྔར་ལས་ཚན་རིག་དང་མཐུན། ད་ལོའི་དབྱར་འབྲུ་བསྡུ་བའི་སྐབས་སུ། “སྤྲིན་དྲའི་བཀོད་གཏོང”མ་ལག་གིས་ཞིང་ལས་འཕྲུལ་ཆས་ཁྱབ་ཚུལ་དེ་གྲོ་སྨིན་པའི་དུས་དང་གནད་སྨིན་དོ་མཉམ་ཡོང་བར་བྱས་ནས་སྟོང་འཁོར་དང་སྒུག་པའི་དུས་ཚོད་རྒྱ་ཆེ་པོས་ཇེ་ཉུང་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་དབྱར་འབྲུ་ཉིན་གཉིས་ཀྱིས་སྔོན་ལ་བསྡུ་ཚར་བར་རམ་འདེགས་བྱས།

2025ལོར། ཞིང་འཕྲུལ་སྒྲིག་ཆས་ཀྱང་སྔར་ལས་ཞིབ་ཚགས་དང་སྤྱོད་གོ་ཆོད་པའི་ཕྱོགས་སུ་རིམ་སྤོར་བྱས། རྒྱལ་ཁབ་ཀྱིས་རི་ཁུལ་གྱི་ཞིང་ལས་འཕྲུལ་ཆས་སྤྱོད་གོ་ཆོད་པའི་གཞི་ཁྱོན་ཅན་གྱི་ཚོད་ལྟའི་རྫོང་ཁག་དང་པོ་གཏན་འཁེལ་བྱས་ནས། ཤུགས་ཆེན་པོས་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས།  ཧུའུ་ནན་དུ།     སྣུམ་ལྡན་ཇ་ཤིང་སིལ་ཏོག་བསྡུ་བྱེད་ཀྱི་འཕྲུལ་འཁོར་ཁོ་ནས་ཐོན་རྫས་གསར་པ་གསུམ་བཏོན་པ་དང་། སྔོན་ཆད་ལག་ཤེས་ཀྱིས་འཐུ་བ་དང་སྨྱུག་དབྱུག་གིས་རྡུང་བའི་ངལ་རྩོལ་རྣམ་པ་དེ། ད་ལྡ་ཕན་ནུས་ཆེ་བའི་གློག་སྒུལ་འཕྲུལ་ཆས་ཀྱིས་ཚབ་བྱེད་བཞིན་ཡོད།

2025ལོ་ནི་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས། ཏང་ཀྲུང་དབྱང་གིས་ལོ5ཡི་བར་བརྒལ་དུས་སྐབས་གཏན་ཁེལ་བྱས་པའི་ཆེས་མཇུག་མཐའི་ལོ་རེད། ཟླ9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན།  ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ས་ཡ་བདུན་ལྷག་ལ་རོགས་སྐྱོར་བྱས་ཏེ་ཉེན་ཁ་བརྟན་པོའི་ངང་སེལ་ལ།  དབུལ་ཐར་མི་འབོར་གྱི་ལས་སྒྲུབ་ལས་ཞུགས་ཚད་མི་འབོར་བྱེ་བ་གསུམ་དང་ས་ཡ་གསུམ་ལས་བརྒལ་ནས། ལོ་ཧྲིལ་བོའི་དམིགས་འབེན་བདེ་བླག་ངང་ལེགས་འགྲུབ་བྱས། གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ཚད་མཐའ་བརྟན་པོར་བསྲུངས་ནས། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

2025ལོར་ཞིང་སྡེ་རུ་ལས་རྣམ་གསར་པའི་དབང་གིས་སྐྱེ་སྟོབས་གསར་པ་རྒྱས། ཧའེ་ནན་དུ། “གྲོང་ཚོའི་སྟར་གྲུག”འགྲན་བསྡུར་ཁྲོད་མི་ཁྲི་ལྷག་མཚོ་འགྲམ་གྱི་སྡེ་བར་བསྐྱོད་དེ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱ་རྒྱུར་སྐུལ་ཁྲིད་བྱས། ཡུན་ནན་དུ། ཚིག་ཇའི་རིལ་བུ་ཆུང་ཆུང་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། ཞིང་ཆེན་རིམ་པའི་སྤུས་ལེགས་ཚིག་ཇའི་གཞིས་ཀ14ཡུལ་སྐོར་ལྗོངས་ཁུལ་དུ་གྱུར་ནས། མཐའ་འཁོར་གྱི་ཐོན་རྫས་གསར་སྤེལ་དང་ཡུལ་སྐོར་བའི་ཉམས་ལེན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་། མིག་སྔར། རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་དང་གྲོང་རྡལ1597ལ་སླེབས་ཤིང་། གསར་གཏོད་ཞིབ་འཇུག་སློབ་སྦྱོང་དང་འཚོ་བའི་མཛེས་རིག ས་གནས་ཀྱི་ཟས་མཆོག་སོགས་གཞི་རྒྱུ་དེ་དག་མི་དམངས་ཀྱི་འབབ་འཕར་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

2025ལོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་། འགྲིམ་འགྲུལ་དང་ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས“འབྲེལ་མཐུད”བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་།  སྲིད་འཛིན་སྡེ་བའིGལྔའི་ཤར་གཏོང་ཚད90%ལས་བརྒལ་བ་དང་། ཞིང་སྡེའི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ས་ཡ་བཞི་དང་འབུམ་དྲུག་ཁྲི་བཞི་ལས་བརྒལ། ཞིང་སྡེའི་རང་འབབ་ཆུའི་ཁྱབ་ཚད་སྔོན་དཔག་བྱས་ན་ལོ་མཇུག་ཏུ་བརྒྱ་ཆའི96ལ་སླེབས་ཐུབ་པ་དང་། རང་རྒྱལ་གྱིས་འཛམ་གླིང་གི་ཞབས་ཞུའི་མི་འབོར་ཆེས་མང་བའི་ཞིང་སྡེའི་གཅིག་བསྡུས་ཆུ་འདོན་མ་ལག་བཙུགས།

2025ལོར། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤུས་ལེགས་ཐོན་ཁུངས་ཀྱང་གྲོང་གསེབ་ཏུ་མགྱོགས་མྱུར་སྒོས་ཁྱབ། རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུས2199རུ་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་བསྐྲུན་བྱས་ཏེ། 95%ཡན་གྱི་སྡེ་བའི་འཕྲོད་བསྟེན་ཁང་སྨན་བཅོས་འགན་བཅོལ་དུ་ཞུགས་ནས། ཞིང་པས་སྒོ་འགྲམ་དུ་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་ཐད་ཆེད་དོན་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡང་བསྐྱར་ནན་བཤད་བྱས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་རུ་ལངས་ཏེ། རང་རྒྱལ་གྱིས་ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་གཅིག་གྱུར་སྐུལ་འདེད་དང་། བདེ་སྡོད་ལས་བརྩོན་ལ་འཚམ་པའི་མཛེས་པའི་གྲོང་གསེབ་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད།