
ཟླ12པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་དང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བཅས་སུ་རྟོག་ཞིབ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཚིས་ཕན་བདེ་ཇེ་ཟབ་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།
ཉེ་བའི་ལོ་འགའི་རིང་ལ། ལའོ་ཏུའུ་ཆུས་དང་མིན་ཧོ་རྫོང་གིས་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐོན་ལས་ཚུལ་སྒྱུར་དང་རིམ་སྤོར་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ལས་དར་སྤེལ་ཁེ་ལས་ཚད་ཡོད་ཀུང་ཟི་དང་། མིན་ཧོ་རྫོང་ཀྲུང་ཁྲོན་ཡུལ་ཚོ་མེ་དབྱེ་སྡེ་བའི་ཤིང་ཏོག་ལཱན་མེ་འདེབས་འཛུགས་རྟེན་གཞིར་ཡོང་ནས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་དང་། འདེབས་འཛུགས་ལག་རྩལ། ཁྲོམ་རའི་འཚོང་ལམ་དང་དེ་མིན་ཞིང་འབྲེལ་ཞིང་ཁྲིད་སོགས་ཀྱི་གནས་ཚུལ་འདྲི་རྩད་དང་རྒྱུས་ལོན་བྱས། ཁེ་ལས་ཀྱིས་མཚོ་སྔོན་གྱི་གྲང་བསིལ་སྔོ་ཚལ་གྱི་ཁྱད་སྟོབས་གཞིར་བཟུང་ནས“གྲང་གཉིས”ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྤུས་ལེགས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་ཤུགས་བསྣན་ཏེ། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་ཟོག་འགྲེམས་ཕྲེང་འབྲེལ་གྱི་ཡུན་ཇེ་རིང་དུ་གཏོང་བ་དང་། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་མཚོ་སྔོན་ནས་འཛམ་གླིང་ལ་ཕྱིར་བསྐྱོད་དུ་འཇུག་པའི་རེ་བ་ཡོད། མཚོ་སྔོན་ཡཱ་ཐེ་ཡང་བའི་བསྲེས་ལྕགས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཧ་ཡང་རྨང་གཞི་བྱས་པའི་རྒྱུ་ཆའི་ལས་གཞིའི་ལག་རྩལ་བཟོ་རྩལ་དང་ཁྲོམ་རའི་མདུན་ལྗོངས་རྒྱུས་ལོན་གསལ་བོ་བྱས་ལ། ཐོན་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཁེ་ལས་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྣམ་གྲངས་དེ་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་བྱེད་པའི་མཚོ་སྔོན་གྱི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན།
ཀོ་ཡུས་འཇོན་མིའི་སློབ་གྲྭ་ནི་མགོ་ལོག་ཁུལ་གྱིས་ས་གནས་གཞན་དུ་སློབ་གཉེར་བྱེད་སྟངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། ཝུའུ་ཞའོ་ཅུན་སློབ་ཁང་དང་ལུས་རྩལ་ར་བ། ཉལ་ཁང་བཅས་སུ་སོང་ནས། དགེ་རྒན་དང་སློབ་མ་རྣམས་ལ་བསམ་ཚུལ་བརྗེ་རེས་བྱས་པ་དང་། སློབ་གྲོགས་ཚོས་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་གཅེས་སྤྲས་བྱས་ཏེ། བཀའ་དྲིན་ཤེས་པ་དང་སློབ་སྦྱོང་ལ་དགའ་བ། ལུས་སྟོབས་བཟང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུན་འཛིན་པ་དང་འཛུགས་སྐྲུན་བྱེད་མཁན་བྱེད་དགོས་པའི་སྐུལ་ལྕག་བྱས། ས་གནས་གཞན་དུ་སློབ་གཉེར་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་བྱས་ཏེ་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་ནས། མཐོ་སྒང་ས་ཁུལ་གྱི་བྱིས་པ་ཚོར་སྤུས་ཚད་མཐོ་བའི་སློབ་གསོ་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་གྱི་གཞུང་ལམ306ཀོན་ཐིན་ནས་ཧ་ཁྲིན་བར་གྱི་གཞུང་ལམ་ལམ་དུམ་གྱི་བཟོ་སྐྲུན་ནི་ད་ལོའི་འགྲིམ་འགྲུལ་གྱི་དམངས་ཚིས་ལས་གཞི་གཙོ་བོ་ཞིག་རེད། ཝུའུ་ཞའོ་ཅུན་གྱིས་ལམ་གཙོ་བོ་དང་ཟམ་པ། ལམ་རྒྱུད་ཀྱི་སྡེ་བར་བསྐྱོད་པའི་བགྲོད་ལམ་བཅས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ་དང་། དཔའ་ལུང་གསེར་གཞོང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སོགས་ལམ་རྒྱུད་ཀྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྒྱུས་ལོན་བྱས།“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་ཐོག་ནས་ཁྱིམ་ཚང་དུ་བསྐྱོད་དེ་ཉེན་འགོག་གནས་སྤོ་བཀོད་སྒྲིག་བྱ་བར་རྒྱུས་ལོན་བྱས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ། སྲུང་སྐྱོབ་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་པར་འབད་བརྩོན་བྱས་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་སྔར་ལས་ཁ་གསབ་བྱས་ཏེ། “གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ”དང“མང་ཚོགས་ཕྱུག་འགྱུར་གྱི་བགྲོད་ལམ”དུ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་སྔར་ལས་མང་པོ་འཕེལ་རྒྱས་སུ་བཏང་ནས། ཧུར་ཐག་གིས་གནས་སྤོར་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་དང་རྩལ་ནུས་གསོ་སྦྱོང་གི་བྱ་བ་བཟང་བོར་སྒྲུབས་ཏེ། རོང་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་བར་སྐུལ་ཁྲིད་བྱེད་པ་དང་། ཧུར་ཐག་གིས་མཐོ་སྒང་གི་གནས་སྡོད་ལ་འཚམ་པའི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།
ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན་དང་ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།