
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》པར་འགྲེམས་བྱས་པ་མ་ཟད་བརྡ་ཐོ་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོ་ལས་བསྟན་དོན། 《སྲོལ་ཡིག》བཟོ་བཅོས་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དང་། ཏང་གི་ལས་དོན་ལས་ཁུངས་ཀྱི་ཆབ་སྲིད་བླང་བྱ་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་། ཏང་གི་ལས་དོན་ལས་ཁུངས་འཛུགས་པ་དང་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས། ཏང་གི་ལས་དོན་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་ནུས་དང་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཏང་ཨུས《སྲོལ་ཡིག》ལག་བསྟར་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་ལ། དྲིལ་སྒྲོག་གསལ་འགྲེལ་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་ལེགས་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།