
དེ་རིང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སློབ་སྦྱོང་དང་ལག་བསྟར་བྱེད་ཅེས་པའི་ཕྲེང་སྟར་གསར་འགྱུར་ལས་ང་ཚོས་ཧྲན་ཏུང་དང་ཧེ་ནན། ཧུའུ་ནན་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། རང་སོ་སོའི་དགེ་མཚན་དང་བསྟུན་ནས་མཁའ་སྐྱོད་ཐོན་ལས་འཕེལ་རྒྱས་དང་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བརྒྱུད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཅིག་བྱེད།
ཧྲན་ཏུང་གིས་མཁའ་སྐྱོད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན།
ཧྲན་ཏུང་ཡན་ཐའེ་ཧའེ་དབྱང་ཤར་ཕྱོགས་མཁའ་སྐྱོད་གྲུ་ཁའི་གོ་ལ་ཧྲིལ་པོའི་ཕྱེད་ཀའི་གཏན་འཇགས་རྣམ་པའི་མཚོ་ཐོག་ཚོད་ལྟའི་ལས་སྟེགས་ཐོག་མ་རུ། གཤེར་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མ་འོངས་པའི་མཚོ་ཐོག་འཕེན་གཏོང་ལ་གྲ་སྒྲིག་བྱེད་བཞིན་ཡོད། ལས་སྟེགས་ཀྱིས་རླུང་འགོག་དང་འདར་འགོག སྒུལ་བྱེད་འཕྲུལ་འཁོར་གྱི་མེ་ལྕེའི་དྲོད་མཐོའི་འགོག་སྲུང་སོགས་འགག་རྩའི་ལག་རྩལ་མང་པོ་ཐོད་བརྒལ་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རང་རྒྱལ་གྱི་སྲ་གཟུགས་མེ་ཤུགས་འཕུར་མདའ་རིགས་བཞི་ཡི་མཚོ་ཐོག་འཕེན་གཏོང་ལས་འགན་ཐེངས་ཉི་ཤུ་བདེ་བླག་ངང་འགན་ལེན་བྱས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་མྱུར་མོར་བསྐྲུན་པའི་ཐད་བཀོད་སྒྲིག་བྱས་པས། རྒྱ་ཆེའི་མཁའ་སྐྱོད་བྱ་བ་སྒྲུབ་མཁན་ཚོའི་ཡིད་ཆེས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད།
ཧྲན་ཏུང་ཡན་ཐའེ་ཧའེ་དབྱང་ཤར་ཕྱོགས་མཁའ་སྐྱོད་གྲུ་ཁའི་ཕྱོགས་བསྡུས་པུའུ་ཡི་པུའུ་ཀྲང་། ལུའོ་ཅན་གྱིས་བཤད་རྒྱུར། ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མེ་ཤུགས་འཕུར་མདའི་མཚོ་ཐོག་འཕེན་གཏོང་དང་སྒུལ་ཤུགས་མ་ལག་ཚོད་ལྟ་བྱེད་པའི་ལག་རྩལ་གསར་གཏོད་དང་ལས་སྟེགས་རིམ་སྤོར་སྒྱུར་བཀོད་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་རྣམ་པའི་ཚོང་ལས་མཁའ་སྐྱོད་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཧྲན་ཏུང་གིས་མཚོ་ཐོག་འཕེན་གཏོང་སྣེ་ཁྲིད་དུ་བྱས་ཏེ། “ནམ་མཁར་སྐར་མ་ཡོད་པ་དང་སྐམ་སར་འཕུར་མདའ་ཡོད་པ། མཚོ་ངོས་སུ་གྲུ་ཡོད་པ། བར་སྣང་དུ་དྲ་ཡོད་པ”བཅས་ཀྱི་མཁའ་སྐྱོད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གང་མགྱོགས་ཀྱིས་བསྐྲུན། ཉེ་ལམ་སླར་ཡང་བྱེད་ཐབས་ཁག་བཅོ་བརྒྱད་བཏོན་ནས་མཁའ་སྐྱོད་ཐོན་ལས་ཚོགས་པ་འཕེལ་རྒྱས་དང་ཇེ་སྟོབས་སུ་གཏོང་བར་སྐུལ་འདེད་བཏང་།
ཧྲན་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དམག་དམངས་མཉམ་འབྲེལ་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་། ཝང་ཁྲའོ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར” ཕྱོགས་ཏེ། ང་ཚོས“གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང“སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་བཟོས་པའི་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་གྱི་འཆར་གཞིའི་འགོ་རྩོམ་སར་བསྡད་དེ། ཧྲན་ཏུང་གི་བཟོ་སྐྲུན་རྨང་གཞི་བརྟན་པོ་དང་། སྐམ་ས་དང་རྒྱ་མཚོའི་ས་ཁོངས་སྤྱི་འདོམས་སོགས་ལེགས་ཆ་དང་བསྟུན་ནས། འགྲན་ནུས་ལྡན་པའི་ཚོང་ལས་མཁའ་སྐྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གང་མགྱོགས་ཀྱིས་གཏོད་དགོས།
ཧའེ་ནན་གྱིས་ཚོང་ལས་མཁའ་སྐྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ཁ་སང་ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་གཏོང་ར་བར་རྒྱང་སྐྱོད་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་དེས་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཚན་ཆུང་བཅུ་བཞི་བདེ་བླག་ངང་བར་སྣང་དུ་བསྐྱལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་གཏོང་ར་བའི་དུས་ཐེངས་དང་པོར་ཉིན་བརྒྱད་བརྒྱ་བདུན་ཅུ་ལས་མ་འགོར་བར། ལས་འགོ་ཚུགས་པ་ནས་ཐོག་མའི་འཕེན་གཏོང་མངོན་འགྱུར་བྱུང་། མིག་སྔའི་བར་ཐེངས་བརྒྱད་ལ་འཕེན་གཏོང་ལེགས་འགྲུབ་བྱུང་། འཕེན་གཏོང་ར་བའི་དུས་རིམ་གཉིས་པའི་བཟོ་སྐྲུན་གྱི་འཛུགས་སྐྲུན་སོ་སོར་ཡང་བརྟན་པོར་སྐུལ་བཞིན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཧའེ་ནན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི《གྲོས་གཞི》དང་ཧའེ་ནན་གྱི“གནམ་ལ་ཕྱོགས་ཏེ་སྟོབས་ཆེར་གཏོང་བའི”འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གོ་ལ་ཧྲིལ་པོའི་ཚོང་ལས་མཁའ་སྐྱོད་ཐོན་ལས་སྦྲེལ་ཐག་གི་གོམ་སྟབས་དང་མཉམ་འདྲེས་ཡོང་རྒྱུ་ཇེ་མགྱོགས་སུ་བཏང་།
ཧའེ་ནན་ཝུན་ཁྲང་རྒྱལ་སྤྱིའི་མཁའ་སྐྱོད་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཝང་ཧྥེང་ཡུས་ཀྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཕྱོགས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བཟུང་ནས། ཐོན་ལས་ཀྱི་བཀོད་པ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། “མདའ་བརྒྱ་སྐར་སྟོང”གི་ཚོང་ལས་འཕེན་གཏོང་བྱེད་ནུས་གང་མྱུར་གྱིས་གྲུབ་པར་བྱེད་པ་དང་། སྲུང་སྐར་གྱི་གཞི་གྲངས་འཁོར་རྒྱུག་དང་རིག་ནུས་ཅན་གྱི་བཀོལ་སྤྱོད་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་ཀྱི་ཚོང་ལས་མཁའ་སྐྱོད་སྔོན་སྐྱོད་དཔེ་སྟོན་ཁུལ་དང་། མཁའ་སྐྱོད་ཀྱི་དཔལ་འབྱོར་དཔེ་མཚོན་ཁུལ། རྒྱལ་སྤྱིའི་ཚོང་ལས་མཁའ་སྐྱོད་གྲུ་ཁ་རྩེ་གྲ་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།
ཧུའུ་ནན་གྱིས་ཧྥེ་གླིང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་ནས་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཉིན་འདི་དག་གི་རིང་། ཧུའུ་ནན་གྱིས་ཧྥེ་གླིང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཐོད་བརྒལ་གསར་པ་བླངས། ཧུའུ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དུ་གསོ་སྐྱོང་བྱས་པའི“ཧྥེ་གླིང་གི་དངོས་བཟང”སྤྱི་སྟེགས་སུ། ཧྥེ་གླིང་གི་ལེགས་བདམས་ཚོང་ཟོག་མང་པོ་དྲ་ལམ་ཚོང་དོན་ལས་སྟེགས་བརྒྱུད་དེ་དྲ་ཐོག་ཏུ་ཐོག་མར་བཙོང་ནས། རང་རྒྱལ་གྱི་རྒྱལ་ནང་ཁྲོམ་ར་སྔར་ལས་རྒྱ་བསྐྱེད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཧུའུ་ནན་གྱི་གྲོང་ཁྱེར་དང་ཁུལ་བཅུ་བཞི་ཡིས་ཧྥེ་གླིང་གི་རྒྱལ་ཁབ་ཉེར་བརྒྱད་དང་ཁ་གཏད་མཉམ་ལས་ལམ་སྲོལ་བཙུགས་པ་མ་ཟད། ཀྲུང་གོ་དང་ཧྥེ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔོན་སྐྱོད་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ། དེར་མ་ཟད་སྒྲིག་ཆས་རྩེར་སོན་དང“དཔེ་གསར་གསུམ”གྱི་ཕྱིར་གཏོང་གིས་བསྟུད་མར་ལོ་བཞིའི་རིང་གྲངས་གནས་གཉིས་ཀྱི་འཕར་སྣོན་རྒྱུན་འཁྱོངས་བྱས་ཏེ། རིམ་རྩིས་བྱས་ན་ཕྱི་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་དྲུག་དུང་ཕྱུར་དྲུག་བྱེ་བ་ལྔ་ནང་འདྲེན་བྱས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཧུའུ་ནན་གྱིས་ཧུའུ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་། ཀྲུང་གོ་དང་ཧྥེ་གླིང་དཔལ་འབྱོར་ཉོ་ཚོང་འགྲེམ་ཚོགས། ཀྲུང་གོ་དང་ཧྥེ་གླིང་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔོན་སྐྱོད་ཁུལ་བཅས་རྒྱལ་ཁབ་རིམ་པའི་ལས་སྟེགས་ཆེན་པོ་གསུམ་ལེགས་པར་སྤྱད་དེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་མཉམ་ལས་ཀྱི་ཉམས་མྱོང་གསར་པ་དང་བྱེད་ཐབས་གསར་པ་སྐོར་ཞིག་མགྱོགས་མྱུར་སྒོས་གྲུབ་པར་བྱས།
ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ལིའུ་སུའུ་ཡུའེ་ཡིས་བཤད་རྒྱུར། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་ནན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་བརྟེན་སྒོ་འབྱེད་ཀྱིས་མཐུན་སྦྱོར་སྒོ་འབྱེད་དང་མཉམ་རྒྱལ་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཧྥེ་གླིང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཐབ་ཇུས་རྟེན་གནས་འཛུགས་པར་ཤུགས་བསྣན་ནས། སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན།