ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཟླ12པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས།  ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། ཡིད་ཆེས་ཇེ་བརྟན་དང་བཟང་ཆ་ལེགས་སྤྱོད། འགྲན་སློང་ལ་གདོང་གཏོད་པ་བཅས་བྱས་ཏེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་འཛུགས་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལི་ཆང་དང་ཚའེ་ཆི། ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ད་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་།  དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལི།  ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་སུན་ཏུང་ཧྲིན།   ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་།  ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ།  ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན།  དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝའེ་ཧྭ།  ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།

ཁོ་ཚོ་ཀྲུང་གུང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་།  སང་ལོའི་དཔལ་འབྱོར་བྱ་བའི་ཇུས་འགོད་དང་བསམ་གཞིགས་ལ་རྦད་དེ་མོས་མཐུན་ཡོད་པར་མ་ཟད།  ཐོན་ལས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་སྤུས་ལེགས་མཁོ་སྤྲོད་མང་དུ་གཏོང་བ།  སློབ་གསོའི་ཚན་རྩལ་འཇོན་མིའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ།  གཞི་གྲངས་རྒྱུ་རྐྱེན་གཙོ་བོའི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་པ་དང་ནང་མཁོ་རྒྱ་བསྐྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཆེ་རུ་གཏོང་བ།  སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ།  རིག་གནས་ཀྱི་དངོས་ཤུགས་ཆེ་རུ་གཏོང་བ་སོགས་ལ་གཞིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་གཟབ་ནན་གྱིས་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ཚང་མས་ད་ལོའི་དཔལ་འབྱོར་བྱ་བའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན་པར་ང་ཚོས་ཞིབ་འཇུག་ནན་ཏན་བྱས་ནས་དང་ལེན་བྱ་ངེས་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་ད་ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་བ་གདོང་གིས་བསུས་པ་དང་འབད་བརྩོན་ལྷུར་ལེན་བྱས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཤིང་། སྔར་ལས་དགེ་མཚན་ལྡན་ཞིང་ནུས་པ་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་འགྲུབ། འདས་པའི་ལོ་ལྔའི་རིང་། ང་ཚོས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་འགོད་

བཅུ་བཞི་པ”མཇུག་འགྲིལ་གྲབས་ཡོད་ལ།  རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་སྟོབས་ཤུགས།  ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ད་ལོའི་ཚུན་ལ་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་།  རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་དང་། ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་རྟོག་ཞིབ་བྱས་ལ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བ་བཟང་བོར་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ཁག་ཅིག་ལ་དམིགས་ནས་དུས་ཐོག་ཏུ་ཐབས་འདོན་ཇུས་འབུལ་བྱས་ཏེ།   ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཞེས་བསྟན།  ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་དགོས་ན།   དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ།  སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འགྲན་རྩོད་ལ་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་པ།སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ།  རྒྱུན་ཆད་མེད་པར་ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། འཕར་ཚད་ལེགས་འགྱུར་དང་བསགས་འབོར་འཁོར་རྒྱུག་ཐུབ་པར་བྱེད་པ།  ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།   རྒྱུན་ཆད་མེད་པར་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་བ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ།  ཚོང་ར་བརྟན་པོ།  སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བསྣན་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན། གཅིག་ནི་ཀྲུང་གུང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གུང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཤེས་རྟོགས་ཟབ་མོ་དང་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློ་གཏོང་བ་དང་ཕྱོགས་གཅིག་དུ་ལངས་པ། མཉམ་དུ་སྒྲུབ་པ་བཅས་བྱེད་དགོས། གཉིས་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པར་ཇུས་འབུལ་ཤུགས་འདོན་ཧུར་ཐག་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རིན་ཐང་ལྡན་པ་དང་གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་གཞི་འདོན་དགོས།གསུམ་ནི་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་བརྟན་འཇགས་དང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཏང་དང་སྲིད་གཞུང་ལ་སྲིད་ཇུས་དྲིལ་སྒྲོག་དང་དོགས་གནད་གསལ་འགྲེལ། ངོས་འཛིན་གཅིག་མཐུན་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་རོགས་བྱེད་དགོས་པ་དང་།རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་སའི་མང་ཚོགས་ཀྱིས་ཡིད་ཆེས་ཇེ་བརྟན་དང་སྙིང་སྟོབས་ཆེ་རུ་སྐྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

ལིའུ་གོ་ཀྲུང་དང་ལིས་ཀན་ཅེ། ཧི་ལི་ཧྥིན། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་བཅས་དང་། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་གྱི་འགན་ཁུར་པ་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་ལ་ད་དུང་ཧྲའོ་ཧུང་དང་ཧི་པའོ་ཞང་། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨིན་ཏིས། ཧྥང་ཀོང་ཧྭ། ཏུའུ་ཡིང་ཧྥུན་སོགས་ཡོད།