
ཟླ12པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝ་ཏི་ཧྥུའུ་ཨར་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། འཇར་མན་གྱི་སྲིད་གཞུང་གསར་པ་བཙུགས་པའི་ཚུན་ལ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱས།
ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མོ་ཚི་ལ་ཁ་པར་བཏང་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་།
ཀྲུང་གོ་དང་འཇར་མན་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། འབྲེལ་གཏུག་དང་གྲོས་མོལ་ལ་ཤུགས་བསྣན་ནས། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་པས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱ་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ནི་ཡོ་རོབ་མནའ་འབྲེལ་གྱི་ལྟེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་ལྟོས་བྱེད་བཞིན་ཡོད།
ཝ་ཏི་ཧྥུའུ་ཨར་གྱིས་བསྟན་དོན། འཇར་མན་སྲིད་གཞུང་གསར་པས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཕྱོགས་ཡོངས་མཉམ་ལས་ཟབ་མོ་བྱེད་པའི་རེ་བ་ཡོད། འཇར་མན་ཀྲུང་གོའི་བློ་གཏད་ཆོག་པའི་མཉམ་ལས་གྲོགས་པོ་བྱེད་འདོད་ཡོད།