ལིས་ཆང་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས།  མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་འགན་འཛིན་པ་སོ་སོར་ཐུག་འཕྲད་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ12པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་ཀྲུང་གོར་ཕེབས་ནས་བགྲོ་གླེང་ཚོགས་འདུར་ཞུགས་པའི་འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཕིང་ཨན་ཅེ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀུ་ཨོ་ཨར་ཅེ་ཡེ་ཝ།  མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཀུ་ལེན་སི་ཕན་བཅས་ལ་ཐུག་འཕྲད་བྱས།

ལིས་ཆང་གིས་བསྟན་དོན།  ཉེ་བའི་ལོ་འདི་འགར།  ས་བབ་ཆབ་སྲིད་ཀྱི་གཡོ་འགུལ་ཚབས་ཆེན་ཡིན་པ་དང་།  རྒྱལ་སྤྱིའི་ཉོ་ཚོང་ཚད་བཀག་བྱེད་ཐབས་ཇེ་མང་དུ་འགྲོ་བ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས།  གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་གི་འཕེལ་ཕྱོགས་ཇེ་དམའ་རུ་སོང་བ་དང་།  ཐོན་ལས་ཕྲེང་འབྲེལ་གྱི་མཁོ་སྤྲོད་ཕྲེང་འབྲེལ་ཆག་གྲུམ་ཅན་གྱི་ཉེན་ཁ་ཇེ་ཆེར་སོང་བ་དང་བསྟུན་ནས།  འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་ངེས་ཅན་བཟོས་ཡོད།  དེ་ལྟ་བུའི་གནས་བབས་ཀྱི་འོག  ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་མདུན་དུ་བསྐྱོད་ཡོད་ལ།  ཐོག་མཐའ་བར་གསུམ་དུ་རང་ནུས་ཅི་ལྕོག་གིས་འཛམ་གླིང་དཔལ་འབྱོར་ལ་གཏན་ཁེལ་རང་བཞིན་དང་བརྟན་བརླིང་རང་བཞིན་བསྣན་ཡོད།  ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ།  ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་འགྲོ་ངེས།  ང་ཚོས་ནང་མཁོ་རྒྱ་བསྐྱེད་ཀྱི་འཐབ་ཇུས་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ།  འཛད་སྤྱོད་དང་དངུལ་གཏོང་། མཁོ་སྤྲོད་དང་དགོས་མཁོ་ཡི་འོས་འཚམ་གྱི་མཉམ་འགུལ་ལ་སྐུལ་འདེད་བཏང་ནས།  རྒྱལ་ནང་གི་འཁོར་བསྐྱོད་ཆེན་མོའི་ནང་གི་སྒུལ་ཤུགས་དང་ཡིད་རྟོན་རང་བཞིན་མཐོ་རུ་གཏོང་རྒྱུ་ཡིན། ང་ཚོས་རིག་སྟོབས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཁ་ཕྱོགས་སུ་གཏན་ཁེལ་བྱས་ཏེ།  དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་བ་དང།  སྔར་ལས་མང་བོའི་རྒྱལ་ཁབ་དང་ཐོན་ལས་སྦྲེལ་མཐུད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་ཀྱི་སྤུས་ཚད་དང་ནུས་ཤུགས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་རྒྱུ་ཡིན། ང་ཚོས་སྔར་བས་ཡར་བརྩོན་ཅན་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ།  ཁྲོམ་རར་དོ་ཁུར་བྱེད་པ་ནས་འགོ་བརྩམས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ནས།  དཔལ་འབྱོར་འཕེལ་རྒྱས་དེ་ལུགས་མཐུན་གྱི་བར་ཁོངས་ཤིག་ཏུ་རྒྱུན་འཁྱོངས་བྱེད་པ།  ང་ཚོས་མུ་མཐུད་དུ་རང་ངོས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་ར་འཛམ་གླིང་ལ་སྒོ་འབྱེད་བྱས་ཏེ།  རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་མ་ཟད།  ཁ་བརྡ་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཉོ་ཚོང་གི་གནད་དོན་འོས་འཚམ་གྱིས་ཐག་གཅོད་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས།  

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་སོ་སོའི་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པ་དང་།  མིང་དོན་གཉིས་ལྡན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པ།  འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ལ།  ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་དང་མཉམ་ལས་ཀྱི་འབྲེལ་བ་ཡག་ཤོས་བཙུགས་ནས།  ཤེས་བྱ་དང་རྒན་གསོ།  དམངས་སྒོར་དངུལ་བུན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཧྲང་ཧེ་ལྟེ་གནས་ཀྱི་འཁོར་བསྐྱོད་ལ་ནུས་ལྡན་གྱི་གཞོགས་འདེགས་འདོན་སྤྲོད་བྱེད་པ་དང་།  ཧུར་ཐག་གིས་ཐེབས་རྩའི་རྩ་འཛུགས་ཀྱི་ཐོབ་སྐལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ།  ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ།  ལྗང་མདོག་གཏེར་འདོན་དང་།  གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་སྟོབས། ཐཱན་ཉུང་ཚུལ་བསྒྱུར་སོགས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་རྒྱ་བསྐྱེད་མཉམ་ལས་ལ་ཤུགས་བསྣོན་འདོད་ཡོད་ཅེས་བསྟན།

ཕིང་ཨན་ཅེ་དང་ཀི་ཨོ་ཨར་ཅེ་ཡེ་ཝ།  ཀི་ལུན་སུ་ཕན་བཅས་ཀྱིས་ཀྲུང་གོས་ཉེ་བའི་ལོ་འདི་དག་གི་རིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པ་དང་།  འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་བས་འཛམ་གླིང་དཔལ་འབྱོར་ལ་ཆེས་རྩ་ཆེ་བའི་གཏན་ཁེལ་རང་བཞིན་དང་སྟོབས་ལྡན་གྱི་སྒུལ་ཤུགས་བསྣན་ཡོད།  ཕྱོགས་སོ་སོས་ཀྲུང་གོའི་དུས་ཡུན་རིང་བོའི་ནང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྩ་ཆེ་བའི་རོགས་རམ་འདོན་སྤྲོད་བྱས་ཡོད་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྲིད་ཇུས་འབྲེལ་འདྲིས་ལ་ཤུགས་བསྣོན་བྱས་ཏེ། ཉོ་ཚོང་དངུལ་གཏོང་དང་མིས་བཟོས་རིག་སྟོབས།  ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཟབ་སྤེལ་བྱས་ནས།  ཐུན་མོང་གི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཉོ་ཚོང་དངུལ་གཏོང་གི་སྟབས་བདེ་རང་བཞིན་དང་སྒོ་འབྱེད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་།  ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ།  མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་ཁུངས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ།  གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས་ཅེས་བསྟན།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།