གཞི་རིམ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

བསྟུད་མར་ཉིན་འགའི་རིང་ལ། པེ་ཅིང་དང་ཨན་ཧུའེ། སི་ཁྲོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཅས་ཀྱིས་རྣམ་པ་སྣ་མང་གི་སྒྲོག་འགྲེལ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་པེ་ཅིང་གིས་གཞི་རིམ་ལ་ཁ་ཕྱོགས་ཏེ། རིམ་པ་མང་བ་དང་ཆ་ཚང་བ། ལངས་གཟུགས་ཅན་གྱི་སྒྲོག་འགྲེལ་བྱས། མང་ཚོགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། གྲོང་གསེབ་བཅས་སུ་བསྐྱོད་པ་དང་། རང་ཉིད་ཀྱི་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་འཇགས་པར་སྐུལ་འདེད་བཏང་།

པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཙེ་ཀྲུའུ་ཡོན་ཁྲོམ་གཞུང་ཏང་དང་མང་ཚོགས་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལི་ལིང་ཡན་གྱིས་བཤད་རྒྱུར།གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དང་། “གཏན་འབེབས་གཉིས”ལ་མཐའ་གཅིག་ཏུ་བརྩི་མཐོང་བྱེད་པ། “སྲུང་སྐྱོང་གཉིས”བཟང་བོར་བསྒྲུབ་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། དངོས་སྒྲུབ་གསར་གཏོད་དང་ཁག་ཁུར་འབད་འཐབ་བྱས་ཏེ།  མང་ཚོགས་ཀྱིས་ཉེ་འགྲམ་གྱི་བདེ་སྐྱིད་ཕྲན་བུ་ཚོར་ཐུབ་པར་བྱེད་དགོས།

ཨན་ཧུའེ་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་མཉམ་འགུལ་བྱེད་པ་དང་། སྡེ་ཁག་ཁྱབ་ཁོངས་མཉམ་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སྐོར་སྐྱོད་སྒྲོག་འགྲེལ་བྱས། ས་གནས་སོ་སོས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཤིང་། ལས་ཁུངས་ཀྱི་ལས་བྱེད་པ་དང་ཆེད་མཁས་པ།  ངལ་རྩོལ་དཔེ་ལེགས་ཅན་སོགས་རྩ་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། ལས་བྱེད་པ་དང་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་དང་། མཉམ་འགུལ་རྣམ་པའི་སྤེལ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་གོ་དོན་ཕུན་སུམ་ཚོགས་པར་འགྲེལ་བཤད་གཏིང་ཟབ་བྱས།

ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་སློབ་མ་ཏོའུ་ཙུའུ་ཆི་ཡིས་བཤད་རྒྱུར།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། ལང་ཚོ་དང་དུས་རབས་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས། ཚོད་ལྟ་ཁང་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་ལག་ལེན་ཁྲོད་འགག་སྒྲོལ་དཀའ་སེལ་བྱེད་པ། རང་ངོས་གསར་གཏོད་ཀྱི་ནུས་པ་མཐོ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ལང་ཚོའི་སྟོབས་ཤུགས་འབུལ་དགོས།

སི་ཁྲོན་གྱིས་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་མང་པོ་རྩ་འཛུགས་བྱས་ནས། ཞིང་སྡེ་དང་སྡེ་ཁུལ། གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ཡུལ་དངོས་སོགས་ལ་བསྐྱོད་དེ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་ནུས་རིམ་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་དོན་ལ་དམིགས་ནས། ཁག་བགོས་ཅན་དང་མཉམ་འགུལ་ཅན་གྱི་སྒྲོག་འགྲེལ་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་གཞི་རིམ་གྱི་སྒྲོག་འགྲེལ་ཐེངས5000ལྷག་བྱས།

སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཀྲན་ཆི་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱི་ཧྥེང་དབྱང་གིས་བཤད་རྒྱུར། 2018ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོ་ཀྲན་ཆི་སྡེ་བར་ཕེབས་ནས་ཏན་ཏན་ཏིག་ཏིག་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པའི་མངགས་བཅོལ་གནང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུར་ཉན་རྗེས། ངའི་སྙིང་སྟོབས་ཆེ་རུ་བསྐྱེད་ལ། གོ་རིམ་རྗེས་མར་ང་ཚོས་ད་དུང་མུ་མཐུད་དུ་ཞིང་ལས་ཐོན་རྫས་ལས་སྣོན་བཟང་བོ་དང་གྲོང་གསེབ་ཡུལ་སྐོར་ཐད་ཀྱི་རྩོམ་ཡིག་ཡག་པོ་བྲིས་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་ཡིན།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པར’བྱས་རྗེས་འཇོག་པ་དང་འཐབ་ས་དང་པོར་བཟང་བོར་བསྐྱོད་པ”བརྗོད་དོན་དུ་བྱས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་རྩ་འཛུགས་བྱས། རྒྱ་ཆེའི་ན་གཞོན་ཚོས་སློབ་སྦྱོང་སྤེལ་རེས་དང་ལག་ལེན་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་བ་དང་། ཚང་འཛོམས་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་གྱི་ཚད་གཞི་དང་བསྟུན་གང་ཐུབ་བྱས་ནས། ཧུར་ཐག་གིས་མདུན་དུ་སྐྱོད་པ་དང་མིག་དཔེ་བསྟན།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་ཐོ་འགོད་ཞིབ་བཤེར་ཁང་གི་རིམ་པ་དང་པོའི་ཀྲུའུ་རིན་ཁོའོ་ཡོན་ཁྲིན་ཆན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་མངོན་འགྱུར་བྱེད་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ“གཏན་འབེབས་གཉིས”ལ་མཐའ་གཅིག་ཏུ་བརྩི་མཐོང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་པ། རང་གི་ལས་གནས་དང་དམངས་ཆེན་གྱི་བྱ་བ་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་མཐོན་པོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་དང་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།