དམངས་སེམས་གཅིག་མཐུན་དང་འབད་འཐབ་མདུན་སྐྱོད་སྒོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་ཁག་ཐེག་བྱེད་དགོས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་གསུང་བཤད་གལ་ཆེན་གནང་སྟེ། 2025ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ལ། 2026ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཚོགས་ཞུགས་བློ་མཐུན་ཚོས་རང་རྟོགས་ངང་བསམ་སྦྱོར་གཉིས་ཀ་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་གནས་བབ་བརྡར་གཅོད་ཐད་གཅིག་གྱུར་བྱས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་ལེགས་པོ་བསྟུད་མར་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ཡག་པོ་རྩོམ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་སྒོས་འབྲི་དགོས་ཞེས་བསྟན།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་བསྟན་དོན།  ད་ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་བ་གདོང་གིས་བསུས་ཤིང་འབད་འབུངས་ལྷོད་མེད་བྱས་ལ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་པ་མ་ཟད། སྔར་ལས་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ཏུ་བསྟར་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་གྲུབ།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་བུའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ད་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ་བླངས་པའི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ལ། ང་ཚོའི་མདུན་དུ་ལྷགས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་རིམ་ལྡན་བཀོད་སྒྲིག་བྱས་ཏེ། ང་ཚོས་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། བསམ་སྦྱོར་གཉིས་ཀ་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་གནས་བབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བའི་འགན་འཁྲི་ཕྲག་ཏུ་བླངས་ནས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་མང་པོ་འཇོག་དགོས།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་བསྟན་དོན།  འདས་པའི་ལོ5ཡི་ནང་།  ང་ཚོས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བྱས་ལ།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་གྲུབ་འབྲས་གལ་ཆེན་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་སྒྲིལ་ལ་ཉེ་ཞིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ལེགས་པོ་བརྩམས།

ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མེན་གྱིས་བཤད་རྒྱུར།  ལོ་འདིར། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་མདུན་ནས་མདུན་བསྐྱོད་དེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མཇུག་ལེགས་པོ་སྒྲིལ་བར་རྒྱུགས་ལན་ལེགས་པོ་སྤྲད།  རྒྱལ་ཁ་འདི་དག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་བླངས་པ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་འོག་བླངས་པ་རེད། ལག་ལེན་ལས“གཏན་འཁེལ་གཉིས”ནི་ང་ཚོས་ཉེན་ཁ་དང་འགྲན་སློང་ཡོད་ཚད་ལ་གདོང་གཏོད་པ་དང་། དཀའ་སྡུག་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་གདེང་ཚོད་ཡིན་ལ།  ཆབ་སྲིད་ཀྱི་འགན་སྲུང་གཙོ་བོ་ཡིན་པ་ཡང་ཡང་བདེན་དཔང་བྱས།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས“ངེས་པར་ལྔ”ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་ངོས་འཛིན་དང་མྱོང་ཚོར་གསར་པ་སྤྱི་སྡོམ་བྱས་ལ།  “རྒྱུན་འཁྱོངས་བརྒྱད”ལ་བརྟེན་ནས་སང་ལོའི་དཔལ་འབྱོར་བྱ་བས་འཛིན་དགོས་པའི་གཙོ་གནད་ལས་འགན་གསལ་བོ་བྱས། ཚོགས་ཞུགས་བློ་མཐུན་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་མཁྱེན་རྒྱ་ཡངས་ལ་གནས་བབ་ཆེན་པོ་དམ་འཛིན་བྱས་ཡོད་ཅིང་། སྤྱི་ཡོངས་གཅིག་འདོམས་བཅས་བྱས་ནས། དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པར་འདོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ལིས་ཡོའེ་ཁྲིན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་པའི“ངེས་པར་ལྔ”ནི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱས་པའི་མཐོ་ཚད་གསར་བ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་འབྲས་གསར་བ་ཡིན་ལ། ང་ཚོས་སང་ལོ་དང་ཐ་ན་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་མཁོ་འདོན་བྱས། ང་ཚོས་རྣམ་པ་གསར་བའི་བཟོ་ལས་ཅན་མངོན་འགྱུར་བྱེད་པའི་འགག་རྩའི་ལས་འགན་འདི་ལ་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་གཏོང་དགོས་ལ། ཐོན་ལས་མུ་ཕྲེང་གི་རང་བརྟེན་ཚོད་འཛིན་ཆུ་ཚད་མཐོ་རུ་བཏང་ནས། ཐོན་ལས་སྒྲིག་གཞི་བསྟུད་མར་ལེགས་བསྒྱུར་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་ངེས།

ཚོགས་ཞུགས་བློ་མཐུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། དམངས་སེམས་གཅིག་མཐུན་དང་འབད་འཐབ་མདུན་སྐྱོད་སྒོས་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་དགོས་ཞེས་བསྟན།

ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ལ་དབྱེ་ཞིབ་དང་ལས་འགན་བཀོད་སྒྲིག་བྱས་ནས། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་བོར་བསྟན། ཚོགས་འདུ་ལས་སང་ལོའི་ནོར་སྲིད་སྲིད་ཇུས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། སྔར་ལས་བཟང་བའི་ནོར་སྲིད་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན་ལ། དེ་ནི་ད་ལོའི་སྲིད་ཇུས་ཁ་ཕྱོགས་དང་གཅིག་པ་རེད། ནོར་སྲིད་པུའུ་ཡིས་ཐེངས་འདིའི་ཚོགས་འདུའི་བླང་བྱ་དང་བསྟུན་ནས། སང་ལོའི་སྔོན་རྩིས་འཆར་གཞི་སྒྲིག་བཟོ་དང་སྲིད་ཇུས་ལག་བསྟར་བྱ་བ་དམ་པོར་བཟུང་སྟེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།  མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས། ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་བ་དང་། “སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོར་བཅངས་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་བདེ་སྣང་སྔར་ལས་མང་པོ་ཐོབ་ཏུ་འཇུག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། མཉམ་དུ་འབད་བརྩོན་བྱེད་པའི་ཁྲོད་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་དགོས།