ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ12པའི་ཚེས9ཉིན་ནས་ཚེས12ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྒྲིག་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཅཱ་ཝེ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཙིང་ཀང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་སློབ་གཙོ་ཆོས་སྐྱོང་སྲུང་མ། མཚོ་སྔོན་སློབ་ཆེན་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཆུས་པའོ་སོགས་ཀྱིས་སོ་སོར་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་ཚོང་དོན་ཐིང་སོགས་སུ་གཅིག་བསྡུས་སྒྲོག་འགྲེལ་བྱས།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གོ་བདེ་ཞིང་ཉན་སྤྲོ་བའི་སྐད་ཆ་དང་གསོན་ཉམས་དོད་པོའི་དཔེ་བརྗོད་བཀོལ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་གཙོ་བོ། ནང་དོན་གཙོ་བོ། དགོངས་དོན་གྱི་ངོ་བོ་དང་ལག་ལེན་བླང་བྱ་སོགས་ནང་དོན་གཙོར་བཟུང་སྟེ། ཕྱོགས་ཡོངས་དང་མ་ལག་ལྡན་པའི་གསལ་འགྲེལ་དང་གཏིང་ཟབ་ཅིང་རྟོགས་སླ་བའི་འགྲེལ་ཀློག་བྱས། སྒྲོག་འགྲེལ་ཡུལ་དངོས་སུ། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། བསམ་གཞིགས་ཞིབ་མོ་བཏང་བ་དང་ནན་ཏན་གྱིས་ཟིན་བྲིས་བཏབ་པས། སློབ་སྦྱོང་གི་རྣམ་པ་ཡག་པོ་མངོན་ཡོད།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་འཆར་འགོད་ནོར་སྲིད་ཁྲུའུ་ཡི་རིམ་པ་བཞི་པའི་རྟོག་ཞིབ་པ་ཝེ་ཧའེ་ལིན་གྱིས་བཤད་རྒྱུར། ཐེངས་འདིའི་སྒྲོག་འགྲེལ་ལ་གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་ཟབ་ཚད་ལྡན་པས། ང་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་པའི་ཐད་ནས་སྔར་ལས་གསལ་ཞིང་སྔར་ལས་གཏིང་ཟབ་པའི་ངོས་འཛིན་ཐོབ། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་དམངས་ཡོངས་ལ་ཁེབས་པ་དང་། གྲོང་གསེབ་གཅིག་འདོམས། འདྲ་མཉམ་གཅིག་གྱུར། བདེ་འཇགས་ཚུལ་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་དམིགས་འབེན་དང་དམ་པོར་སྦྲེལ་ཏེ། གཙོ་འགན་གཙོ་དོན་དམིགས་སུ་འཛིན་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བའི་ནུས་ཚད་ཇེ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་མཐུད་ངང་ཇེ་མཐོར་བཏང་ནས། སྨན་བཅོས་འགན་སྲུང་ལས་དོན་སྔར་ལས་འདྲ་མཉམ་དྲང་གཞག་དང་། ཤེས་ཚོར་དང་ཕན་ཐོགས་པར་སྐུལ་འདེད་གཏོང་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཏང་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཞེ་ཕིན་ཞེན་གྱིས་བསྟན་དོན། སྒྲོག་འགྲེལ་ལ་ཁ་ཚང་ཞིག་ཉན་པ་ལས་ཚོར་སྣང་ཟབ་མོ་སྐྱེས་བྱུང་ལ་ཁ་ཕྱོགས་སྔར་ལས་གསལ་བར་གྱུར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ན། སྔོན་ཆད་ཀྱི་སྣེ་ཁྲིད་མཁན་ངེས་གཏན་མེད་པ་ནས་ད་ལྟའི་གཅིག་གྱུར་ནུས་མཐོའི་དོ་དམ་བར་དང་། གསའ་དང་གཙོད་སོགས་སྲོག་ཆགས་རྒྱུད་ཆད་ལ་ཉེ་བ་ནས་འབྲོག་དམངས་ཁྲི་སྟོང་མང་པོ་སྐྱེ་ཁམས་དོ་སྲུང་པར་གྱུར་ནས་སྐྱེ་ཁམས་ཀྱི་ཟས་ཕོར་བསྟེན་པའི་བར་གྱི་འགྱུར་ལྡོག་ཡོད་ཚད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་སྟོབས་དང་ལྡན་པའི་ལག་ལེན་ཟིལ་ཤུགས་མཚོན་ཐུབ། རྗེས་ཕྱོགས། རང་ཉིད་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཡིག་ཚགས་ལས་སྒྲུབ་དང་ཚོགས་འདུ་སྤེལ་བ། ལས་དོན་སྒྲུབ་པ་བཅས་ཀྱི་ལས་རིམ་རེ་རེའི་ཁྲོད་འདྲེས་པར་བྱེད་ཅིང་། འབད་པ་ཆེན་པོས་སྤྱི་ཡོངས་ལ་ཞབས་ཞུ་དང་། ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ནུས་པ་ཇེ་མཐོར་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་དུ་བསྐྲུན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།

སྒྲོག་འགྲེལ་ནི་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཅིག་སྟེ། བསམ་པའི་སྟོབས་ཤུགས་བརྒྱུད་སྤྲོད་ཐུབ་ཅིང་། ལས་སྒྲུབ་ལས་གཏོད་ཀྱི་ངར་སེམས་དང་ཡིད་ཆེས་སློང་ཐུབ་པས་ཚང་མར་ཕན་ཐོགས་པ་ཞིག་རེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་འཆར་འགོད་དང་ཁོར་སྲུང་ལག་རྩལ་ལྟེ་གནས་ཀྱི་ལས་བཟོ་བ་ལི་ཡུས་ལིན་གྱིས་བཤད་རྒྱུར། ན་གཞོན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་དོན་ཆེན་བསམ་པ་དང་ཞིང་ཆེན་གྱི་གཙོ་དོན་སེམས་སུ་ཉར་དགོས་ཏེ། ལས་གནས་ལ་རྐང་བཙུགས་ནས་དམིགས་ཚད་རེ་རེ་དང་ལས་གཞི་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཆེད་ལས་བྱེད་ནུས་བཀོལ་ནས་དུས་རབས་ཀྱི་འབོད་སྐུལ་དང་ལེན་བྱེད་དགོས། ལང་ཚོ་དང་འབད་འཐབ་ཀྱི་ཁྲོད་དུ་ང་རང་ཡོད་པར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་པ་དང་། མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་ཡོད་ཚད་ཕུལ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཡུལ་དང་པོར་དངོས་འབེབས་དོན་འཁྱོལ་དང་གྲུབ་འབྲས་ཐོབ་པར་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།