ཞི་ཅིན་ཕིང་གིས་ཐ་ཁུའུ་མན་སི་ཐན་གྱི“རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་ལོའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཟླ12པའི་ཚེས12ཉིན། “རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་ལོའི་གླེང་སྟེགས”ཐ་ཁུའུ་མན་སི་ཐན་གྱི་ཨ་ཧྲི་ཧ་པ་ཏེ་གྲོང་ཁྱེར་དུ་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཐ་ཁུའུ་མན་སི་ཐན་གྱིས་གྲོས་འགོ་བཏོན་ཞིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་གྱི་ལོ་ཡིན་ལ། དེ་རིང་ཐ་ཁུའུ་མན་སི་ཐན་ལ་དུས་གཏན་བར་གནས་ཀྱི་གནས་བབ་ཐོབ་ནས་ཏག་ཏག་ལོ30འཁོར་བའི་དུས་ལའང་འཁེལ་ཡོད། ཀྲུང་གོ་དང་ཐ་ཁུའུ་མན་སི་ཐན་རྒྱལ་ཁབ་གཉིས་ནི་བློ་སེམས་མཐུན་པའི་གྲོགས་པོ་བཟང་བོ་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་དུས་གཏན་བར་གནས་སྲིད་ཇུས་ལག་ལེན་དུ་བསྟར་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་དང་། ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པར་བསྔགས་བརྗོད་བྱེད་གིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ལ། གདོང་གཏུག་དང་འགྲན་རྒོལ་ཡང་གཅིག་འཇགས་གཅིག་ལངས་ཡིན་པས། འཛམ་གླིང་གིས་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཞི་བདེ་དང་ཡིད་ཆེས་ལ་རེ་འབོད་བྱེད་ཀྱིན་ཡོད། ལོ་རྒྱུས་ཀྱིས་ང་ཚོར་གསལ་བརྡ་བཏང་བ་ནི། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཇི་ཙམ་ཆེ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལས་ཀྱང་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལ་རོགས་སྐྱོར་བྱེད་དགོས། ང་ཚོས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་ཡིད་ཆེས། ཕན་ཚུན་ལ་བསམ་ཤེས་བྱས་ནས་ཞི་བདེར་སྲུང་སྐྱོབ་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས་ཤིང་། ཞི་བདེའི་ཐབས་ལམ་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བཙན་ཤེད་བཙན་དབང་དང་གཞན་གནོད་རང་ཕན་ལ་ངོ་རྒོལ་བྱེད་དགོས། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་ནས་ཡིད་ཆེས་ལ་ཐེབས་པའི་གེགས་རྐྱེན་སེལ་ཏེ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྟེན་ནས་དྲང་གཞག་དྲང་བདེན་ལ་འགན་སྲུང་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་བརྟེན་ནས་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། གོ་ལ་ཧྲིལ་པོའི་ལས་དོན་ཐད་ཚང་མས་གྲོས་བསྡུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་དང་བཅོས་སྐྱོང་གི་གྲུབ་འབྲས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་སྔོན། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་རྡང་སྦྲེལ་ནས། འབད་བརྩོན་ལྷོད་མེད་ཀྱིས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱ་རྒྱུ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད།