ས་གནས་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོའི་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

ཚེས་བཅུ་གསུམ་ཉིན། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ནས། ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེར་གཅེས་སྤྲས། མ་འོངས་གསར་གཏོད་བཅས་བྱས་ཏེ།  རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱེད་པར་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས།

ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་དུ།  རྒྱལ་སའི་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཐོན་པའི་འཐུས་མི་དང་སློབ་གྲྭའི་དགེ་སློབ་སོགས་ཀྱིས་ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་མྱ་ངན་ཞུས། ཡུལ་དངོས་སུ། ན་གཞོན་སློབ་མ་ཚོས《ཞི་བདེའི་བསྒྲགས་གཏམ》གྱེར་འདོན་བྱས་པ་མ་ཟད་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག  ཧྲང་ཧའེ་སུང་ཧུའུ་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་གི་རྒྱལ་ཁའི་ཐང་ཆེན་དུ། མི་རྣམས་ཀྱིས་མིང་མེད་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ་ནས་རྗེས་དྲན་ཞུས་ཤིང་། ལིའོ་ཉིང་ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ། སྤྱི་མཆོད་མཛད་སྒོར་ཞུགས་པའི་མི་རྣམས་ཀྱིས་ཞག་སྒྲོན་བཟུང་སྟེ་མྱ་ངན་ཞུས་ནས།  ནན་ཅིང་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་གཏིང་ནས་རྗེས་དྲན་ཞུས།

ཧྲེན་དབྱང་སློབ་ཆེན་གྱི་སློབ་མ་ལི་ཧྲུའུ་ཧང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་གིས་འགྲོ་བ་མིའི་ཤེས་དཔལ་སྲུང་སྐྱོབ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པར་བྱས་རྗེས་གལ་ཆེན་བཞག་པ་བསྟན་ཅིང་།   རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་ནི་རྒྱལ་ཁབ་ཀྱི་མིང་ཐོག་ནས་དཀའ་སྡུག་ཡིད་ལ་བརྟན་པོར་ངེས་པར་བྱས་ཏེ། ང་ཚོས་ཚེ་སྲོག་ལ་བརྟེན་ནས་ཐོབ་པའི་ཞི་བདེར་གཅེས་སྤྲས་བྱེད་དགོས་པའི་བརྡ་གཏོང་བཞིན་ཡོད། ངས་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་འབད་པ་བྱས་ཏེ་འཇོན་ཐང་ཆེ་རུ་བཏང་ནས།མི་རིགས་བསྐྱར་དར་ལ་ལང་ཚོའི་སྟོབས་ཤུགས་འབུལ་དགོས།

ཧྭ་བྱང་དམག་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་། ཧུའུ་པེ་ཡི་དབྱི་ཁྲང་སྔོན་གཤེགས་དཔའ་བོའི་བང་སོ། ཅང་ཞིའི་ནན་ཁྲང་གི་ཞིན་སི་དམག་དཔུང་པུའུ་ཡི་གནས་རྙིང་བཤམས་སྟོན་ཁང་སོགས་སུ། མི་རྣམས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་གཏིང་ནས་རྗེས་དྲན་ཞུས་པ་དང་།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་།

ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ཞི་བདེར་གཅེས་སྤྲས་བྱེད།  དེ་རིང་།  མི་རྣམས་ཁྲུང་ཆིན་གྱི“དྲུག་ལྔའི”འཇིགས་ང་བའི་དོན་རྐྱེན་གྱི་ལོ་རྒྱུས་འགྲེམས་སྟོན་ཁང་དང་། ཀྲེ་ཅང་གི་ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་དམག་གི་འབུ་ཕྲའི་དམག་འཐབ་ཀྱི་ཐད་ཀྲིག་གི་བཤམས་སྟོན་ཁང་། ཨན་ཧུའེ་ཧོའེ་ནན་ཏ་ཐུང་གི་མི་ཁྲི་གསད་པའི་སློབ་གསོ་ཁང་བཅས་སུ་བསྐྱོད་དེ། རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བརྒྱུད། ཡིད་སྐྱོ་བའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཏེ། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས།

ཡན་ཨན་གསར་བརྗེའི་རྗེས་དྲན་ཁང་དུ་ན་གཞོན་སློབ་མས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཡན་ཨན་དུས་སྐབས་ཀྱི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་རྒྱུས་ལོན་ཞིབ་མོ་བྱས།  ཅི་ལིན་ཐུང་ཧྭ་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་རྗེས་དྲན་ཁང་དུ། འགྲེམས་སྟོན་བྱས་པའི་རྩ་ཆེའི་པར་རིས་དགུ་བརྒྱ་ལྷག་དང་རིག་དངོས་སོགས་ཀྱིས་འཇར་འགོག་མཉམ་འབྲེལ་དམག་དཔུང་གི་དཔོན་དམག་ཚོས་བྱང་ཤར་མི་དམངས་ཀྱི་སྣེ་ཁྲིད་དེ་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པའི་སྤྱིར་བཏང་མིན་པའི་ལོ་ཟླ་ཇི་མ་ཇི་བཞིན་གྱིས་མངོན།

ཅི་ལིན་དབྱང་ཅིན་ཡུས་ལས་བྱེད་སློབ་གླིང་གི་དགེ་རྒན་ཅིན་ཧྭ་པིན་གྱིས་བཤད་རྒྱུར། ད་ལོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ནས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། ཞི་བདེར་གཅེས་སྤྲས་བྱེད་པ། མ་འོངས་གསར་གཏོད་བཅས་བྱེད་དགོས་ཞེས་བསྟན་པ་དང་། ང་ཚོས་ཀྱང་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན།

ཀྲུང་དབྱང་ཡིག་ཚགས་ཁང་གིས་དེ་རིང་ཨུ་རུ་སུར་བརྒྱུད་སྤྲོད་བྱས་པའི་སུའུ་ལེན་གྱིས་འཇར་པན་གྱི731དམག་དཔུང་ལ་འདྲི་རྩད་བྱས་པའི་གསང་བའི་ཡིག་ཚགས་དཔྱད་ཡིག་ཁྱབ་བསྒྲགས་བྱས། སུའུ་ལེན་གྱིས་པོ་ལི་རུ་འདྲི་གཅོད་ཀྱི་དུས་འགོའི་མྱུལ་ཞིབ་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད།  731དམག་དཔུང་གི་ཉེས་སྤྱོད་དང་འབྲེལ་བ་ཡོད་པའི་མི་སྣ200ལྷག་ཡོད་པ་ཤེས་རྟོགས་བྱུང་ཞིང་། དམག་འཁྲུག་གི་ཉེས་ཅན་གཙོ་བོ་དང་དཔང་མིར་གཙོ་གནད་དཔང་ལེན་བྱས་པ་བརྒྱུད། མཇུག་མཐར་དམག་འཁྲུག་གི་ཉེས་ཅན12ལ་ཡོངས་བསྒྲགས་འདྲི་གཅོད་བྱས།

ཀྲུང་དབྱང་ཡིག་ཚགས་ཁང་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲོའུ་ཀྲེན་ཧྥན་གྱིས་བཤད་རྒྱུར། ཡིག་ཚགས་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སླར་གསོ་བྱེད་པར་བདེན་དཔང་ཁུངས་བཙན་འདོན་སྤྲོད་བྱས་ཤིང་།  ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་འཁྱོག་བཤད་དང་། བཙན་འཛུལ་དམག་འཁྲུག་ལ་མཛེས་རྒྱན་སྤྲས་པའི་བྱ་སྤྱོད་ལ་དོགས་ཟོན་བྱས་ཏེ། ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་དང་ལ་རྒྱ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

དེ་རིང་། དམག་ཡོངས་ཀྱི་དཔུང་སྡེ་ཁག་གིས་ཀྱང་བརྗིད་ཉམས་ལྡན་པའི་མཆོད་འབུལ་མཛད་སྒོ་བསྡུས་ནས། ནན་ཅིང་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་ནས་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཆོད་སེམས་དང་འདོད་བློ་མཚོན་པར་བྱས།

མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་པུའུ་ག་གེ་མོའི་ཧྥེང་ཝེ་ཁྲོན་གྱིས་བཤད་རྒྱུར། ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་ནི་ལོ་རྒྱུས་མེ་ལོང་དུ་འཛིན་པ་དེ་ཡིན། རྗེས་སུ་ལུས་ན་རྡུང་རྡེག་གཟོད་དགོས་པ་དང་། དམག་དཔུང་སྟོབས་ལྡན་དུ་གྱུར་ན་ད་གཟོད་རྒྱལ་ཁབ་བདེ་བར་གནས་ཐུབ་པ་དེ། དུས་རབས་གསར་པའི་གསར་བརྗེའི་དམག་མིའི་ཚད་གཞིར་འཛིན་པ་དང་། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ལས་འགན་ཡིད་ལ་བརྟན་པོར་ངེས་ནས། སྙིང་རུས་ཆེན་པོས་རྒྱལ་ཁ་ལེན་པའི་འཇོན་ཐང་སྦྱོང་བརྡར་དང། བྱ་སྤྱོད་དངོས་ཀྱིས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་སྲུང་དགོས།