
ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིང་དུ2025ལོའི་ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་བསྡུས།
སྤྱི་མཆོད་མཛད་སྒོ་ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་རྗེས་དྲན་ཁང་གི་འདུ་འཛོམས་ཐང་ཆེན་དུ་འཚོགས། ཡུལ་དངོས་གཟབ་ནན་གྱིས་ཁེངས་ཤིང་། རྒྱལ་དར་ཕྱེད་ཙམ་མར་ཕབས། ལས་རིགས་ཁག་གི་འཐུས་མི8000ཡས་མས་ཀྱིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་ཁུ་སིམ་མེར་འགྲེངས་ཡོད། ཏག་ཏག་ཆུ་ཚོད་བཅུའི་སྟེང་སྤྱི་མཆོད་མཛད་སྒོ་འགོ་ཚུགས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས། རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས། ནན་ཅིང་གྲོང་ཁྱེར་གྱིས་མཁའ་ཟོན་ཉེན་བརྡ་བཏང་བ་དང་། རླངས་འཁོར་གཏོང་མཚམས་བཞག་ནས་དུང་བརྡ་བརྒྱབ་ལ། རྐང་ཐང་བས་གནས་དེ་རུ་མྱ་ངན་ཞུས། མྱ་ངན་ཞུས་རྗེས། 《རྒྱལ་ཁབ་ཀྱི་སྤྱི་མཆོད་རོལ་དབྱངས་འབུལ་བ》ཞེས་པའི་འགྱུར་ཁུག་ཁྲོད་བཅིངས་འགྲོལ་དམག་གི་གཟབ་སྦྲེང་གུས་ལུགས་རུ་ཆེན་གྱི་གུས་དམག16གིས་མེ་ཏོག་ཕྲེང་བ8ཡར་བཀྱགས་ནས་སྤྱི་མཆོད་སྟེགས་བུར་ཕུལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥེང་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། ནན་ཅིང་གྲོང་ཁྱེར་གྱི་ན་གཞོན་ལོ་ཆུང་གི་འཐུས་མི88ཀྱིས《ཞི་བདེའི་བསྒྲགས་གཏམ》སྒྲོག་འདོན་བྱས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི6གིས“ཞི་བདེའི་ཅོང་ཆེན”རྡུང་བ་རེད། ཅོང་སྒྲ་གསུམ་དང་བསྟུན་ནས། ཞི་བདེའི་ཕུག་རོན3000གིས་གཤོག་ཟུང་བརྐྱངས་ནས་ནམ་འཕང་གཅོད་པ་དེས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཚད་མེད་ཞུ་བ་དང་འཛམ་གླིང་གི་ཞི་བདེ་དོན་གཉེར་ལྷོད་མེད་བྱེད་པ་མཚོན།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་གིས་སྤྱི་མཆོད་མཛད་སྒོར་འགོ་འཛིན་མཛད།