ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ནན་ཏན་གྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཞིང་རྩ་འཛུགས་ཞིབ་ཚགས་བྱས་ཏེ། ཏང་ཙུས་རྒྱས་འཛོམས་གྲོས་ཚོགས་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ནན་ཏན་གྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལས་ཁུངས་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱི་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་བྱ་བ་བཀོད་སྒྲིག་བྱས།

ལས་ཁུངས་སོ་སོས་གཅིག་གྱུར་གྱིས་བལྟས་ན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་ལ་ཉེ་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་རྩོམ་པའི་དུས་ལ་འཁེལ་ཞིང་། 2035ལོའི་རྒྱང་རིང་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་སྐོར་གྱི་གྲོས་གཞིས》ཞིང་ཆེན་གོང་འོག་ཡོངས་ཀྱི་བློ་གྲོས་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ལས་དོན་ཁག་སོ་སོ་ཡག་པོར་སྒྲུབ་པར་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།

ཚང་མས་ལང་ལོང་སྒོས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ལས་དོན་བཟང་པོར་སྒྲུབ་པའི་སྲོག་ཤིང་དུ་གྱུར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ཡིན་ལ། རྒྱལ་ཁབ་ཀྱི་དགོས་མཁོ་དང་། མཚོ་སྔོན་བྱེད་ནུས། མང་ཚོགས་ཀྱི་རེ་ལྟོས་བཅས་ལ་དམིགས་ཏེ། མི་འདང་ས་ཁ་གསབ་དང་དགེ་མཚན་དར་སྤེལ་གཏོང་དགོས་ལ། གཞི་རྩ་ཇེ་བརྟན་དང་སྒུལ་ནུས་གསོག་འཇོག་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ཀྱི་ལས་འགན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོལ་བརྒལ་གལ་ཆེན་ལེན་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་སྔར་ལས་བརྟན་པའི་རྨང་གཞི་འདིང་དགོས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། ཕྱོགས་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་རྒྱུན་འཁྱོངས། ནུས་ལྡན་ཁྲོམ་ར་དང་ལས་བརྩོན་སྲིད་གཞུང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། དུས་ཚོད་ཀྱིས་རང་ལ་སྒུག་མི་སྲིད་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་ལ་བརྟེན་ནས་དངོས་སྒྲུབ་དོན་འཁྱོལ་དང་། དཔའ་ངར་ཆེན་པོས་རྣམ་པ་གསར་འབྱེད་བྱས་ནས། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་འཕེལ་རྒྱས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲང་ལའེ་ཧུང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཀྱི་འཐབ་ཇུས་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ཏེ། ཞིང་གསུམ་བྱ་བ་མུ་མཐུད་ཤུགས་དྲག་ཏུ་གཏོང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་གཞི་རྩ་བརྟན་པོར་གཏོང་བའི་བརྡ་རྟགས་གསལ་བོར་བསྟན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། 2035ལོའི་གཞི་རྩ་གཉིས་ཀྱི་དམིགས་འབེན་དང་དམ་དུ་སྦྲེལ་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱིས་གྲུབ་འབྲས་མངོན་གསལ་ལེན་པ་དང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་འབད་པས་སྐུལ་འདེད་གཏོང་བའི་ཐད་ནས་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ལོན་པ་མངོན་འགྱུར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་འཆར་འགོད་དང་ཐོན་ཁུངས་བཀོད་སྒྲིག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲང་ལི་ནཱ་ཡིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྣེ་ཁྲིད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཚན་རྩལ་གསར་གཏོད་ཀྱི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་པར་ཤུགས་སྣོན་དགོས་ལ། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་དམིགས་འབེན་དང་། ལས་འགན་གལ་ཆེན། སྲིད་ཇུས་བྱེད་ཐབས་བཅས་མ་ལག་ལྡན་པར་འཆར་འགོད་བྱེད་དགོས། ཚན་རྩལ་ཐོན་ཁུངས་ཀྱི་བཀོད་པ་ལེགས་སྒྲིག་དང་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་མཐོར་འདེགས་བཏང་བ་བརྒྱུད། སྤུས་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ཆེད་ལས་ལག་རྩལ་མི་སྣ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཝུའུ་ཉེན་གྱིས་བཤད་རྒྱུར། མཚོ་སྔོན་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་གསར་སྐྲུན་གྱི་དུས་སྐབས་སུ་ཞུགས་ཤིང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཡོད་པས། ཆེད་ལས་ལག་རྩལ་འཇོན་མིས་ལས་དོན་ཡག་པོར་སྒྲུབ་པའི་ཐད་ཤུགས་འདོན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལས་ཐོབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ། ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་ཁོར་སྲུང་། ནུས་ཁུངས་གཙང་མ་སོགས་གསར་དར་ཁྱབ་ཁོངས་ལ་དམིགས་སུ་འཛིན་པ། ཁྱད་ལྡན་དཔྱད་ཞིབ་ཆེད་ལས་ཁ་སྣོན་བྱེད་པ། རིམ་པ་མཐོ་བའི་མྱུར་མཁོའི་འཇོན་མིའི་དཔྱད་ཞིབ་ལྗང་མདོག་རྒྱུ་ལམ་ཁྱབ་སྤེལ་གཏོང་བ་བཅས་ཀྱིས་མཐོ་རིམ་འཇོན་མི་ནང་འདྲེན་དང་གསོ་སྐྱོང་། བཀོལ་སྤྱོད་སོགས་ཀྱི་དཀའ་གནད་ཐག་གཅོད་རོགས་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་འཆར་འགོད་ནོར་དོན་འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་ཞེ་ཡུང་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་བསྡུས་པ་དེ་ནི། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་བྱེད་པའི་གནད་འགག་གི་བཀོད་སྒྲིག་ཅིག་ཡིན། ང་ཚོས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ལ་དམིགས་ཏེ། མཐོ་སྒང་གི་ཆུ་དྲ་འཛུགས་སྐྲུན་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ། དམངས་འཚོའི་ཆུ་བེད་སྤུས་འདེགས་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་སྦྲེལ་མཐུད་བྱེད་པ་དང་། ཆབ་སྲིད་ཀྱི་དམིགས་གཏད་དང་བསམ་ཕྱོགས་དམིགས་གཏད། ལས་འགན་དམིགས་གཏད་བཅས་སྒྲུབ་ཐུབ་པར་བྱས་ནས། གྲོས་ཚོགས་ཀྱི་བླང་བྱ་ཇི་མ་ཇི་བཞིན་དུ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཆུའི་བདེ་འཇགས་འགན་སྲུང་འཆར་འགོད་སྒྲིག་བཟོའི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱེད་རྒྱུ་ཡིན།

རིག་འཛིན་སྒྲོལ་མས་བསྒྱུར།