བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་ནང་མཁོ་རྒྱ་བསྐྱེད་པ་ནི་འཐབ་ཇུས་བྱེད་ཐབས་ཡིན་ཞེས་པ་བཀོད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ12པའི་ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་བཞི་པའི་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་ནང་མཁོ་རྒྱ་བསྐྱེད་པ་ནི་འཐབ་ཇུས་བྱེད་ཐབས་ཡིན་ཞེས་པ་བཀོད།    དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2015ལོའི་ཟླ10པ་ནས2025ལོའི་ཟླ10པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གནད་བཏུས་བྱས་ཡོད།

རྩོམ་ཡིག་ལས་བསྟན་དོན།    ནང་མཁོ་རྒྱ་བསྐྱེད་པ་དེ་དཔལ་འབྱོར་བརྟན་འཇགས་དང་འབྲེལ་བ་ཡོད་ལ།   དཔལ་འབྱོར་བདེ་འཇགས་དང་འབྲེལ་བ་ཡོད་པས།   དེ་ནི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་པར།    འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན།   ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་བོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་ཡོང་བ་སྲུང་འཛིན་བྱེད་པའི་དགོས་མཁོ་ཡིན་ལ།    མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་རེ་བ་སྐོང་བའི་དགོས་མཁོའང་ཡིན།    མགྱོགས་མྱུར་སྒོས་ནང་མཁོ་གསབ་པ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་མི་འདང་ས་ཁ་གསབ་བྱས་ནས་ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་རང་འགུལ་གྱི་སྟོབས་ཤུགས་དང་གཏིང་རྡོ་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།     རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་དགེ་མཚན་ནི་ནང་ཁུལ་དུ་འཁོར་སྐྱོད་བྱེད་ཆོག་པ་དེ་ཡིན་པས།   ནང་མཁོ་རྒྱ་བསྐྱེད་པ་ཞེས་པའི་འཐབ་ཇུས་རྨང་གཞི་དམ་འཛིན་ནན་མོ་བྱས་ཏེ་ཐོན་སྐྱེད་དང་བགོ་བཤའ།    འཁོར་རྒྱུག   འཛད་སྤྱོད་བཅས་ལས་རིམ་སོ་སོ་ནས་རྒྱལ་ནང་གི་ཁྲོམ་རར་བརྟེན་ཏེ་འཁོར་སྐྱོད་བཟང་བོ་མངོན་འགྱུར་ཡོང་བར་བྱེད་དགོས།   ནང་མཁོ་རྒྱ་བསྐྱེད་པ་དང་སྒོ་འབྱེད་རྒྱ་བསྐྱེད་པ་གཉིས་འགལ་ཟླ་མིན་ཏེ།    རྒྱལ་ནང་གི་འཁོར་སྐྱོད་སྔར་ལས་བཀག་མེད་ཡོང་བར་བྱས་ན་གོ་ལ་ཧྲིལ་བོའི་ཐོན་ཁུངས་རྒྱུ་རྐྱེན་གྱི་འདྲེན་ཤུགས་གཙོ་བོ་སྔར་ལས་གྲུབ་པར་བྱེད་ཐུབ་པ་དང་།     རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་གཞི་ཡིན་ཞིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཕན་ཐོགས་ཡོད་ལ།    རྒྱལ་སྤྱིའི་འགྲན་རྩོད་དང་མཉམ་ལས་ནང་ཞུགས་པའི་དགེ་མཚན་གསར་པ་གྲུབ་པར་ཕན་ཐོགས་ཡོད།  ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ནུས་ཡོད་སྒོས་ཟུང་འབྲེལ་བྱས་ཏེ་མཁོ་སྤྲོད་ཕྱོགས་གཉིས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་མཉམ་འབྲེལ་མཐུན་སྦྱོར་བཟང་བོ་བྱས་ནས་དགོས་མཁོས་འདོན་སྤྲོད་ལ་སྣེ་ཁྲིད་པ་དང་འདོན་སྤྲོད་ཀྱིས་དགོས་མཁོ་བསྐྲུན་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་གྲུབ་པར་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན།    སྤྱིའི་དགོས་མཁོ་མི་འདང་བ་ནི་མིག་སྔར་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་ནས་འཕྲད་པའི་འགལ་བ་གཙོ་བོ་ཡིན་པས།    བློ་བརྟན་འགྱུར་མེད་སྒོས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་འཆར་འགོད་རྩ་གནད་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཆ་ཚང་བའི་ནང་མཁོའི་མ་ལག་མགྱོགས་མྱུར་སྒོས་གྲུབ་པར་བྱས་ཏེ་ཡོང་འབབ་ཀྱི་འདེགས་སྐྱོར་ཡོད་པའི་འཛད་སྤྱོད་དགོས་མཁོ་དང་ལུགས་མཐུན་གྱི་ཁེ་ཕན་ཡོད་པའི་དངུལ་གཏོང་དགོས་མཁོ།    མ་རྩ་དང་བུ་ལོན་གྱི་ཚོད་འཛིན་ཡོད་པའི་དངུལ་རྩའི་དགོས་མཁོ་བཅས་ཤུགས་ཆེན་པོས་ཆེ་རུ་གཏོང་དགོས།   འཛད་སྤྱོད་ནི་རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་ཡོང་བའི་འདྲེན་ཤུགས་གཙོ་བོ་ཡིན་པ་དང་།  འཛད་སྤྱོད་རྒྱ་བསྐྱེད་པའི་གཞི་རྩ་ནི་ལས་ཞུགས་ལ་སྐུལ་འདེད་དང་སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་བ།    ཡོང་འབབ་བགོ་བཤའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ།   ཡོང་འབབ་འབྲིང་གི་ཚོགས་སྤྱི་རྒྱ་བསྐྱེད་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་གཏོང་བ་དེ་ཡིན།    སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྡོད་དམངས་ལ་བརྟན་འཇགས་ཀྱི་ཡོང་འབབ་ཡོད་ན་འཛད་སྤྱོད་བྱེད་ཐུབ་པ་དང་སེམས་ཁྲལ་མེད་པར་འཛད་སྤྱོད་བྱེད་ཕོད་པ།   འཛད་སྤྱོད་ཁོར་ཡུག་བཟང་བ་དང་ཐོབ་ཚོར་དྲག་པ།   འཛད་སྤྱོད་བྱེད་འདོད་ཡོད་པར་བྱེད་དགོས།    དངུལ་གཏོང་རྒྱ་བསྐྱེད་པའི་རྐྱེན་སྲོལ་འཐུས་ཚང་དུགཏོང་བ་དང་ནུས་ཡོད་དངུལ་གཏོང་བར་སྟོང་རྒྱ་བསྐྱེད་པ།    འོས་འཚམ་ལུགས་མཐུན་གྱི་རྨང་གཞིའི་སྒྲིག་ཆས་གསར་པའི་འཛུགས་སྐྲུན་སྔོན་ལ་བཀོད་སྒྲིག་བྱེད་པ།   ལག་རྩལ་མཐོ་བའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཐད་ཀྱི་དངུལ་གཏོང་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་དགོས།   འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ།    ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།    འདོན་སྤྲོད་ཚོད་འཛིན་གྱི་འགག་གནས་དང་མི་འདང་ས་ཐོལ་བརྒལ་བྱེད་པ།      ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་འགྲན་རྩོད་ནུས་ཤུགས་དང་བདེ་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བ།   རང་བདག་ཚོད་འཛིན་ཐུབ་པ་དང་སྤུས་ཚད་མཐོ་བའི་འདོན་སྤྲོད་ལ་བརྟེན་ནས་ལུགས་མཐུན་སྒོས་ད་ཡོད་ཀྱི་དགོས་མཁོ་བསྐང་སྟེ་དགོས་མཁོ་གསར་པ་གསར་གཏོད་དང་སྣེ་ཁྲིད་བྱེད་དགོས།   དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་བ།   དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་བ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོའི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་འགག་གནས་དང་ཁེགས་གནས་མེད་པར་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།