ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ12པའི་ཚེས15ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚོགས་འདུ་ཐེངས་ང་ལྔ་པ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་།     ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། དབྱང་ཧྥེང་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལུའི་ཀང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏེ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་འདུ་ལས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།  དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་། སྐོར་ཞིབ་བཅོས་སྒྲིག་སོགས་ཀྱི་བྱ་བའི་བྱེ་བྲག་གི་བླང་བྱ་དང་བཀོད་སྒྲིག་ལ་དམིགས་ནས། སློབ་སྦྱོང་དང་གོ་བ་ནན་མོ་ལེན་པ། ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན།

ཚོགས་འདུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་ནན་ཏན་བྱས་ཏེ། འཐབ་ཇུས་གལ་ཆེན་གྱི་ལས་འགན་ལ་དམིགས་ནས་མ་ལག་རང་བཞིན་གྱི་རྟོག་ཞིབ་གཏིང་ཟབ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཁྲིམས་སྐྱོང་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་གྱི་ཕན་འབྲས་མཐོ་རུ་གཏོང་བ།     འཐུས་མིའི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།     དམངས་ཆེན་བྱ་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགོ་རྩོམ་ས་དང་ཟུང་འབྲེལ་གནས་ཡང་དག་པར་བཙལ་ནས། བྱེད་ཐབས་མང་པོ་མཉམ་སྤེལ་དང་ཕྱོགས་མང་པོས་ནུས་ཤུགས་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། དྲ་རྒྱའི་བདེ་འཇགས་དང་འདུ་ཤེས་འཛིན་སྟངས་ཀྱི་སྲུང་ར་བརྟན་པོ་འཛུགས་པ་དང་།     མཚོ་སྔོན་གྱི“བློ་རིག་དམངས་ཆེན”གྱི་ལས་སྒོ་སོ་སོའི་དྲ་རྒྱའི་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ནས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། དམངས་ཆེན་ལས་ཁུངས་ཀྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུ་ལས《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་བྱ་བའི་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི》མ་ཟིན་བྲིས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།

ཤ་བོ་རིན་མཚོས་བསྒྱུར།