ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཡི་འགན་སྒྲུབ་སྙན་ཞུར་གསན།
ཁུངས། ཀློག་གྲངས། 39

ཟླ12པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་ཕུལ་བར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་།

ཚེས16ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིན་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་ཕུལ་བར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་སྟེ། ཁོའི་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

ཞི་ཅིན་ཕིང་གིས་ལོ་གཅིག་རིང་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ། འགན་འཁྲི་འཁུར་ཕོད་པ་དང་ཡར་རྒྱས་བརྩོན་ལེན་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བརྟན་པོ་བྱས། ཞང་ཀང་གི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བདེ་བླག་ངང་སྤེལ་བ་དང་། དཔལ་འབྱོར་གཏན་འཇགས་ངང་འཕེལ་བར་བྱས་ཏེ། ཞང་ཀང་བཅོས་སྐྱོང་ནས་དར་རྒྱས་འབྱུང་བའི་ཐད་གོམ་སྟབས་གསར་པ་སྤོས། ཀྲུང་དབྱང་གིས་ལི་ཅ་ཁྲའོ་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བཞིན་ཡོད་པ་བསྟན།

ཟླ12པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཐབ་ཇུས་དཔེ་རིས་བཀོད་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ”། ཚད་མཐོའི་རང་སྐྱོང་བཅས་ཀྱི་ལམ་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་དགོས། སྲིད་འཛིན་གྱིས་གཙོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ཁྲོད་ཞུགས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་དགོས།

ལི་ཆང་དང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཀན་ཅེ། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།