ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་འདེད་སྲོལ་ཡིག》ཁྱབ་བསྒྲགས་བྱས།
ཁུངས། ཀློག་གྲངས། 1

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས། 2026ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་དང་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། མི་རིགས་ཡོངས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཇེ་མཐོ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་མཐོ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། 

《སྲོལ་ཡིག》ལས་བསྟན་དོན། དམངས་ཡོངས་ལ་ཁྱབ་པ་དང་ཀུན་ཕན་ནུས་ཆེའི་དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་མ་ལག་འཛུགས་རྒྱུའི་གཏན་འབེབས་བྱས་ནས། དཔེ་སྐྲུན་སྤུས་ཚད་ཇེ་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་དང་། ཕུལ་བྱུང་གི་དཔེ་སྐྲུན་དངོས་པོ་སྔར་ལས་མང་བ་བཏོན་ནས་སྤྱི་ཚོགས་ཡོངས་དཔེ་ཆར་ལྟ་རྒྱུར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བཅས་ཀྱི་རྣམ་པ་ལེགས་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། གཙོ་བོ་ཞིང་སྡེ་ས་ཁུལ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དར་རྒྱས་བྱུང་མེད་པའི་ས་ཁུལ་བཅས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་ལ་རོགས་སྐྱོར་བྱེད་དགོས། ནར་མ་སོན་པའི་མི་དང་། དབང་པོ་སྐྱོན་ཅན། རྒན་རྒོན་སོགས་ཀྱི་དཔེ་ཀློག་འགན་ལེན་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་དཔེ་ཀློག་འཆར་གཞི་ཁ་གསལ་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།