

ཟླ12པའི་ཚེས16ཉིན། 2025ལོའི་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ཀྱི་ལོ་ཚོགས་ནན་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
2025ལོའི་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ཀྱི་ལོ་ཚོགས་ཚེས16ཉིན་ནན་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱས་ནས་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་བསྐྲུན་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཚོན་ན་འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་འབད་འཐབ་བྱེད་དགོས་པ་ནན་བཤད་གནང་ཡོད། འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པ་དང་། འགྲམ་གཉིས་ཀྱི་དཔལ་འབྱོར་ནི་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ལ་གཏོགས་པ་ཡིན། ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་དགོས། བརྗེ་རེས་དང་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་པ། གཉེན་ཉེ་དང་ཕན་བདེ་ཇེ་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔར་ལས་བདེ་སྐྱིད་ལྡན་པའི་མ་འོངས་པ་བསྐྲུན་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཏེ། དེས་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་ངེས་པ་དང་། འགྲམ་གཉིས་བར་གྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྐུལ་སྤེལ་གཏོང་རྒྱུར་མདུན་ལྗོངས་གསར་པ་བསྐྲུན་ངེས་ཡིན། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་རྒྱ་བསྐྱེད་པ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་བདེ་རྩ་སྐྱོང་བར་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ། ཐའེ་ཝན་ཕྱིར་བླངས་ནས་ལོ80འཁོར་བའི་ལོ་ཡང་ཡིན། འགྲམ་གཉིས་ཀྱི་སྤུན་ཟླས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱེད་དགོས་པ་དང་། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དང་རླབས་ཆེན་གྱི་འཇར་འགོག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཡོང་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་དགོས།
རྩེ་ཚོགས་ཀྱི་ཐའེ་ཝན་ཕྱོགས་ཀྱི་ལས་འཛིན་འགོ་གཙོ་ལིའུ་ཀྲའོ་ཞོན་གྱིས་ཤིས་ཚིག་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་འཛམ་གླིང་དཔལ་འབྱོར་གྱི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་སྐམ་ས་ཆེན་མོ་ནི་སྔར་བཞིན་ཐའེ་ཝན་ཚོང་བའི་ཐོན་སྐྱེད་རྟེན་གཞི་དང་ཁྲོམ་ར་གལ་ཆེན་ཡིན། རྩེ་ཚོགས་ཀྱིས་དགུ་གཉིས་ཐུན་མོང་ལྟ་བའི་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་ལས་སྟེགས་བསྐྲུན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ལས་བར་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་མང་པོ་ཐོབ་ཡོད། སྐམ་ས་ཆེན་པོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་ལ་ཕབ་དང་ལག་བསྟར་བྱས་པ་དེས་འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་གསར་པ་བསྐྲུན་རྒྱུ་ཡིན་པས། འགྲམ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་ཐོན་ལས་མུ་ཕྲེང་མང་པོའི་གསར་གཏོད་མཉམ་ལས་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད།

ཟླ12པའི་ཚེས16ཉིན། 2025ལོའི་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ཀྱི་ལོ་ཚོགས་ནན་ཅིང་དུ་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྩེ་ཚོགས་ཀྱི་ཐའེ་ཝན་ཕྱོགས་ཀྱི་ལས་འཛིན་འགོ་གཙོ་ལིའུ་ཀྲའོ་ཞོན་དང་འགྲམ་གཉིས་ཀྱི་ཁེ་ལས་པའི་འཐུས་ཚབ་ལ་མཇལ་འཕྲད་གནང་བཞིན་པའི་པར་རེད།
འགོ་ཚུགས་མཛད་སྒོ་མ་འཚོག་སྔོན། ཝང་ཧུའུ་ཉིང་གིས་ཚོགས་འདུར་ཞུགས་པའི་འགྲམ་གཉིས་ཀྱི་ཁེ་ལས་པའི་འཐུས་ཚབ་ལ་མཇལ་འཕྲད་གནང་། ཝང་ཏུང་ཧྥུང་དང་། རྩེ་ཚོགས་ཀྱི་སྐམ་སའི་ཕྱོགས་ཀྱི་ལས་འཛིན་འགོ་གཙོ་ཀུའོ་ཅིན་ལུང་། ལས་འཛིན་འགོ་གཙོ་གཞོན་པ་ཀྲང་ཕིང་སོགས་མཇལ་འཕྲད་ལ་ཞུགས།
ཅང་སུའུ་རུ་བཞུགས་སྐབས། ཝང་ཧུའུ་ཉིང་གིས་ད་དུང་ནན་ཅིན་དང་ཀྲེན་ཅང་གི་སློབ་གྲྭ་དང་ཁེ་ལས། ཆོས་ལུགས་བྱེད་སྒོ་སྤེལ་ས་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། ཀྲེན་ཅང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་ཀྲེན་ཅང་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་།