
ཟླ12པའི་ཚེས16ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འཆད་ཁྲིད་འགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཝང་ཞོན། ཝང་ཀྲེན་ཁྲང་། ལིའུ་ཏ་ཡེ་དང་ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་མཉམ་དུ་འཆད་ཁྲིད་ལ་ཉན།
ཐེངས་འདིའི་འཆད་ཁྲིད་ཁྲོད་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཡའོ་ཞའོ་པའོ་གདན་འདྲེན་ཞུས་ནས། “མིས་བཟོས་དབྱར་རྩ་དགུན་འབུ་དང་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཁྲོམ་ར་ཚད་ལྡན་དུ་གཏོང་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ནས་མཉམ་སྤྱོད་གཏིང་ཟབ་བྱས། ཡའོ་ཞའོ་པའོ་ཡིས་དབྱར་རྩྭ་དགུན་འབུ་ལས་རིགས་གཉེར་ནས་ལོ་མང་པོ་འགོར་ཡོད་པ་དང་། 2017ལོ་ནས2024ལོའི་བར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བརྟག་དཔྱད་བྱ་བར་མཛུབ་ཁྲིད་དང་དེའི་ནང་ཟབ་ཞུགས་བྱས་པ་མ་ཟད། 《ས་ཁམས་མཚོན་རྟགས་ཐོན་རྫས། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི》ས་གནས་ཚད་གཞི་དག་བཅོས་གཏན་འཁེལ་ལ་ཡང་ཞུགས། འཆད་ཁྲིད་ཁྲོད། ཁོས་དབྱར་རྩྭ་དགུན་འབུའི་ཁྱབ་ཚུལ་ས་ཁོངས་དང་། རིགས་རྫས་ཀྱི་ཐོན་ཁུངས། སྨན་ལུགས་ནུས་པ། འབྱུང་ཁུངས་དང་ཚད་གཞི། འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་ཀྱི་ཐད་ཚོགས་ཞུགས་མི་སྣར་ཆེད་ལས་ཀྱི་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་། དེའི་ནང་དོན་ལ་གཞུང་ལུགས་ཀྱི་མཐོ་ཚད་ཡོད་དགོས་ལ་ལག་ལེན་གྱི་གཏིང་ཟབ་ཚད་ཀྱང་ལྡན་དགོས།
འཆད་ཁྲིད་ལ་ཉན་རྗེས། ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཡའོ་ཞའོ་པའོ་ཡིས་འཆད་ཁྲིད་ལ་ཉན་རྗེས། ཆེད་ལས་ཀྱི་གཞུང་ལུགས་འགྲེལ་བཤད་དང་ཡུན་རིང་ལས་ཞུགས་བྱས་པའི་ལག་ལེན་གྱི་ཉམས་མྱོང་བརྒྱུད་དེ། ཐོན་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞིར་གསལ་འགྲེལ་ཞིབ་ཕྲ་བྱས་ཡོད་པས། དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ལ་བསམ་གཞིག་གཏིང་ཟབ་བྱས་ནས་བློ་སྒོ་གཏིང་ཟབ་བྱུང་ཡོད། ཚང་མས་བལྟས་ན། ཐེངས་འདིའི་འཆད་ཁྲིད་དེས་ཤེས་བྱའི་ཁྱབ་ཁོངས་དང་བྱ་བའི་མཐོང་རྒྱ་ནུས་ལྡན་ངང་རྒྱ་ཆེ་རུ་ཕྱིན་པ་དང་། དབྱར་རྩྭ་དགུན་འབུའི་ཁྱད་གཤིས་དང་དེ་མིན་ཁྲོམ་ར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གོ་བ་གཏིང་ཟབ་བླངས་ནས། རྗེས་ཕྱོགས་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དཔྱད་གཞི་ནུས་ལྡན་དང་བསམ་ཕྱོགས་གསལ་པོ་འདོན་སྤྲོད་བྱས་ཡོད།
ཤ་བོ་རིན་མཚོས་བསྒྱུར།