ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ12པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》དེ་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་དངོས་སུ་ལག་ལེན་བྱ་རྒྱུ་རེད།

སྒྲོག་སྤེལ་ཚོགས་འདུའི་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོས་སྲོལ་ཡིག་གཉིས་ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན།     ཁྲིམས་འཛུགས་བརྒྱུད་རིམ་དང་ནང་དོན་གཙོ་བོ། ཐག་གཅོད་ལ་སྐུལ་འདེད་བཏང་བའི་གནད་དོན། དེ་བཞིན་ཁྱད་ཆོས་བཅས་ཀྱི་སྐོར་ནས་གསར་འགྱུར་སྒྲོག་སྤེལ་བྱས་པ་མ་ཟད། དོན་འཁྱོལ་མཐར་ཕྱིན་བྱེད་པའི་རིག་ལམ་དང་བྱེད་ཐབས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས།

བཟོ་བཅོས་གཏན་ཕབ་བྱས་རྗེས་ཀྱི《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》ནང་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་སོ་བདུན་ཡོད་པ་དང་།   རིམས་འགོག་འགན་འཁྲིའི་མ་ལག་དང་གཞི་རིམ་གྱི་རིམས་འགོག་འགན་སྲུང་། རིམས་ནད་འགོག་སྡོམ་དྲ་རྒྱ་དང་རིམས་བཤེར་ལྟ་སྐུལ་དོ་དམ། ནད་ཡམས་ཀྱིས་ཤི་བའི་སྲོག་ཆགས་གཙང་སེལ། ས་ཁོངས་མཉམ་འགོག་མཉམ་སྡོམ་སོགས་ཐད་ནས་མ་ལག་རང་བཞིན་གྱིས་འཐུས་ཚང་དུ་བཏང་སྟེ་མཚོ་སྔོན་གྱི་མཐོ་སྒང་གི་ཁྱད་ཆོས་དང་མཐུན་པའི་སྲོག་ཆགས་ཀྱི་རིམས་འགོག་ལམ་ལུགས་མ་ལག་བཙུགས་ཡོད། ནང་དོན་ཐོག་ནས་སྲིད་གཞུང་གི་འགོག་སྡོམ་འགན་འཁྲི་ལ་ཤུགས་སྣོན་པ་དང་སྡེ་ཁག་གི་མཐུན་སྦྱོར་འགན་འཁྲི་ཁ་གསལ་བཟོ་བ།     ཐོན་སྐྱེད་ལས་གཉེར་བྱེད་པོའི་འགན་འཁྲི་དངོས་འབེབས་བཅས་བྱས་ཏེ།    “ཞིང་ཆེན་དང་གྲོང་ཁྱེར།  རྫོང་། ཡུལ་ཚོ། སྡེ་བ”བཅས་རིམ་པ་ལྔའི་མཉམ་འགུལ་གྱི་འགན་འཁྲིའི་མུ་ཕྲེང་ཆགས་པ་དང་།     རིམས་འགོག་བྱ་བ་ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང“སུས་ལས་གཉེར་བྱས་ན་སུས་འགན་འཁུར་བའི”འགན་འཁྲི་གྲུབ་ཡོད།    སྡེ་བ་རིམ་པའི་རིམས་འགོག་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་གཙོ་གནད་དུ་ཤུགས་བསྣན་ཏེ། གཞི་རིམ་གྱི་རིམས་འགོག“སྒྲུབ་མཁན་ཡོད་པ་དང་འགན་སྲུང་ཡོད་པ།     ཚད་ལྡན་ཡོད་པ”བཅས་བྱས།

《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》བཟོས་པ་དེ་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོང་བཅས་བཅའ་ཁྲིམས་ཁ་གསབ་དང་ཞིབ་ཕྲ་གཏོང་རྒྱུར་གཙིགས་ཆེན་བྱས་ཏེ་ཁྲིམས་སྲོལ་གྱི་བཀོལ་སྤྱོད་རང་བཞིན་ནུས་ལྡན་ངང་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད།     མཚོ་སྔོན་གྱི་ཁྱད་ཆོས་གཙིགས་སུ་བཟུང་སྟེ་གནད་དོན་དངོས་ཐག་གཅོད་བྱེད་པར་དམིགས་ཏེ་སྲོལ་ཡིག་ལ་ཁྱོན་བསྡོམས་དོན་ཚན་ཉེར་བཞི་ཡོད།     རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་ཁ་གསལ་བཟོས་པ་དང་།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་བྱེད་པོ་ཡིན་པ་གཏན་འབེབས་བྱས་པ་མ་ཟད།     རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་རེད།     འཚོ་སྡོད་གནས་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་སུ་རྒྱུད་སྤེལ་ལ་གཏོར་བརླག་གཏོང་བའི་གཏན་འགོག་རང་བཞིན་གྱི་བྱ་སྤྱོད་གཏན་འབེབས་ཁ་གསལ་བཟོས་ཡོད།     མིས་བཟོས་རྒྱུད་སྤེལ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་བླང་བྱ་ཞིབ་ཕྲ་བཏང་བ་དང་ཆབས་ཅིག “སྲིད་གཞུང་གིས་འགོ་ཁྲིད་དང་སྡེ་ཁག་མཐུན་སྦྱོར།     སྤྱི་དམངས་ཟབ་ཞུགས”བཅས་ཀྱི་སྲུང་སྐྱོབ་བྱ་བའི་རྣམ་པ་བསྐྲུན་ཡོད།     མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འགོག་རང་བཞིན་གྱི་བྱ་སྤྱོད་གཏན་འབེབས་བྱས་པ་མ་ཟད།   བཅའ་ཁྲིམས་འགན་འཁྲི་གཏན་འཁེལ་བྱས་ཏེ་མིས་བཟོས་གསོ་སྤེལ་གྱི་ཐོ་འགོད་སྙན་སེང་མེད་པ་དང་གསོ་སྤེལ་ཡིག་ཚགས་བཟོས་མེད་པ་སོགས་ཀྱི་བྱ་སྤྱོད་ལ་དམིགས་ནས།     སྒོར་ལྔ་བརྒྱ་ནས་ཁྲི་གཅིག་བར་མི་འདྲ་བའི་དངུལ་ཆད་གཏན་འཁེལ་བྱས་པ་དང་།   འཚོ་སྡོད་གནས་སུ་འགལ་རྐྱེན་གཏོར་བརླག་བྱེད་མཁན་ལ་སྣང་ཚུལ་མི་འདྲ་བ་དབྱེ་འབྱེད་བྱས་ནས་ཉེན་བརྡ་གཏོང་བའམ་ཡང་ན་སྒོར་ཆིག་སྟོང་ནས་ལྔ་སྟོང་བར་མི་འདྲ་བའི་དངུལ་ཆད་བཅད་ནས་གོང་བཅས་བཅའ་ཁྲིམས་དང་སྦྲེལ་མཐུད་ཆགས་ཡོད།     སྲོལ་ཡིག་ལག་ལེན་བྱས་རྗེས“ཕྱོགས་གསུམ་གཞི་གཅིག་གི”འགོག་སྡོམ་མ་ལག་ནུས་ལྡན་ངང་བཙུགས་ནས་མི་དང་སྲོག་ཆགས་ཀྱི་གདོང་ཐུག་གི་དཀའ་གནད་ཞི་ལྷོད་དུ་གཏོང་རྒྱུ་དང་།     ཚད་ལྡན་ཅན་གྱི་སྲོག་སྐྱོབ་དྲ་རྒྱ་འཐུས་ཚང་དུ་བཏང་ནས་རྨས་སྐྱོན་ཕོག་པ་དང་ལམ་ནོར་ཐེབས་པའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་དཀའ་གནད་སེལ་བ།    འཚོ་སྡོད་གནས་སྲུང་སྐྱོབ་ཀྱི“ཚད་ཐིག”དགར་ནས་འཚོ་གནས་ཁོར་ཡུག་ལ་འགལ་རྐྱེན་གཏོར་བརླག་གཏོང་བའི་དཀའ་གནད་སེལ་བ།   མུ་ཕྲེང་ཡོངས་ཀྱི་ལྟ་སྐུལ་དོ་དམ་གྱི་འགོག་སྡོམ་བསྐྲུན་ནས་ཁྲིམས་འགལ་ཉོ་ཚོང་གི“མུ་ཕྲེང་ཅན”གྱི་དཀའ་གནད་སེལ་བ་བཅས་བྱེད་ཐུབ། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།