ལི་ཆང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ1པོའི་ཚེས3ཉིན་ནས་ཚེས5ཉིན་བར་ཀོང་ཏུང་དུ་རྟོག་ཞིབ་མཛད།  ཁོང་གིས་ནན་གྱིས་བསྟན་དོན།  ལོ་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམིགས་ནས།  རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་དགོས་པ་དང་། གསར་གཏོད་འཕེལ་རྒྱས་ཀྱི་དགེ་མཚན་སྐྱོང་སྤེལ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་ལངས་དགོས་ཤིང་། དུས་ཚོད་དམ་འཛིན་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོར་རྩོམ་དགོས།


ཟླ1པོའི་ཚེས3ཉིན་ནས་ཚེས5ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། འདི་ནི་ཟླ1དང་པོའི་ཚེས4ཉིན།   ལི་ཆང་གིས་ཧྲིན་ཀྲིན་གྲོང་ཁྱེར་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་དུ་གླིང་ཁུལ་གྱི་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ལ་བརྟེན་ནས་རྒྱུ་ཆ་གསར་པ་དང་སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ལ་ནུས་པ་བསྩལ་བར་རྒྱུས་ལོན་གནང་སྐབས་ཀྱི་སྐུ་པར་རེད། 

ཧྲིན་ཀྲིན་གྲོང་ཁྱེར་དུ། ལི་ཆང་གིས་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་གྱི་འཆར་འགོད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་ནས། གླིང་ཁུལ་གྱི་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ལ་བརྟེན་ནས་རྒྱུ་ཆ་གསར་པ་དང་སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ལ་ནུས་པ་བསྩལ་བར་རྒྱུས་ལོན་བྱས་ལ། པི་ཡ་ཏི་ཀུང་སིའི་ནུས་ཁུངས་གསར་པའི་རླངས་འཁོར་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ལི་ཆང་གིས་བསྟན་དོན། ཁེ་ལས་ཀྱི་གསར་གཏོད་ཀྱི་གོ་གནས་གཙོ་བོ་ཇེ་དྲག་ཏུ་བཏང་སྟེ། སྲིད་ཇུས་དང་མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་འཐུས་ཚང་དུ་གཏོང་དགོས་ལ། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་མོའི་དགེ་མཚན་ལ་བརྟེན་ནས་གསར་གཏོད་ཐོན་ཁུངས་གཅིག་སྡུད་བྱེད་དགོས་ཤིང་།  གསར་དར་ཁྱབ་ཁོངས་དང་འགག་རྩའི་ལག་རྩལ་ལ་དམིགས་ནས་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ།  ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས། ལི་ཆང་ཧྲིན་ཀྲིན་གྱི་ཧྲི་ཁུག་གྲུ་ཁའི་གྱེན་འཕུར་གནམ་གྲུ་ཐང་སོགས་སུ་ཕེབས་ནས།  དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་འཕྲུལ་མིའི་ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ལི་ཆང་གིས་བསྟན་དོན།  ཐོན་ལས་སྐྱེ་ཁམས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  ཉེར་སྤྱོད་རྣམ་པ་གསོ་སྐྱོང་དང་རྒྱ་སྐྱེད་པ། ནུས་ལྡན་གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ནས།  འཕྲུལ་མི་དང་མི་མེད་གནམ་གྲུ་སོགས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་དག་ཉེར་སྤྱོད་རྒྱ་ཆེར་གཏོང་བའི་ཁྲོད་གང་མགྱོགས་སྒོས་རིམ་སྤོར་བྱེད་དགོས།


ཟླ1པོའི་ཚེས3ཉིན་ནས་ཚེས5ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། འདི་ནི་ཟླ1དང་པོའི་ཚེས4ཉིན།   ལི་ཆང་གིས་ ཧྲིན་ཀྲིན་གྱི་ཧྲི་ཁུག་གྲུ་ཁའི་གྱེན་འཕུར་གནམ་གྲུ་ཐང་དུ་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་སྐབས་ཀྱི་སྐུ་པར་རེད།

ཧྲིན་ཀྲིན་ནས་ཀྲུང་ཧྲན་བར་གྱི་གཙང་བོ་བརྒལ་བའི་བགྲོད་ལམ་བརྒྱུད་སྐབས།  ལི་ཆང་གིས་ལས་གཞི་གཉེར་སྐྱོང་དང་ཀྲུའུ་ཅང་གཙང་པོའི་མཚོ་བརྒལ་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་གྱི་མཚམས་སྦྱོར་ལ་གསན།  ཁོང་གིས་ནན་གྱིས་བསྟན་དོན།  སྔོན་ཐོན་ལག་རྩལ་བེད་སྤྱོད་གང་ལེགས་བྱེད་པ་དང་། འགྲིམ་འགྲུལ་གྱི་འགག་གནད་དོ་དམ་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱས་ནས།  མཚོ་ཁུག་ཆེན་མོའི་མཉམ་འབྲེལ་མཉམ་མཐུད་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཧྥོ་ཧྲན་གྲོང་ཁྱེར་དུ། ལི་ཆང་གིས་ཀོང་ཏུང་མའེ་ཏའེ་ཐབ་ཚང་གློག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་བཟང་དུ་སོང་བ་ལས་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་མང་པོ་བྱུང་བས། འགྱུར་ལྡོག་གསར་པ་འདི་དག་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ།  ཐོན་རྫས་སྤུས་ལེགས་སྔར་ལས་མང་པོ་གང་མགྱོགས་སྒོས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་དགོས། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་འཁོར་རྒྱུག་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།  ཧྥོ་ཧྲན་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་རུ། ལི་ཆང་གིས་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་དང་ཁྲལ་སྲུང་ཟོང་འགྲུལ་འཕེལ་རྒྱས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཁོང་གིས་ནན་གྱིས་བསྟན་དོན།  བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ།   རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་དང་སྒྲིག་སྲོལ་ཚད་གཞི་གཉིས་ཟུང་འབྲེལ་སྔར་ལས་ལེགས་པོ་བྱེད་དགོས་ལ།  གྲངས་འཛིན་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་རྒྱ་བསྐྱེད་ནས། ནང་འདྲེན་ཧུར་ཐག་སྒོས་རྒྱ་བསྐྱེད་དགོས་པ་མ་ཟད་ཕྱིར་གཏོང་ནང་འདྲེན་གྱི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་ཁྲོད།  ལི་ཆང་གིས་ཚན་རྩལ་ཁེ་ལས་ཁག་ཅིག་དང་ཧྲིན་ཀྲིན་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན།  ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པས། རྒྱ་ཆེའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་དང་བློ་རྩ་བརྟན་པོས་གསར་གཏོད་བྱས་ཏེ། ཧུར་ཐག་གིས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་རེ་ལྟོས་བྱེད་བཞིན་ཡོད།  རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས།  བྱ་བ་སོ་སོ་སྔ་མོ་ནས་དམ་འཛིན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ།  མུ་མཐུད་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།

ཧོང་ཁུན་མིང་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།



པར་ལྡན་གཙོ་ཤོས། པར་ལྡན་སྲིད་དོན། པར་ལྡན་རྒྱལ་སྤྱི།