ལི་ཆང་གིས་ཨིར་ལན་གྱི་ཙུང་ལི་དང་གྲོས་མོལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 3

ཟླ1པོའི་ཚེས6ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་གྲོས་མོལ་གནང་།

ཟླ1པོའི་ཚེས6ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་གྲོས་མོལ་གནང་།

ལི་ཆང་གིས་བསྟན་དོན། ཚེས་ལྔ་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་ལ་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་། ཀྲུང་གོ་དང་ཨིར་ལན་གྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་ནས་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འབྱུང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ།  ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།

ལི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཨིར་ལན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་ཕན་ཚུན་གསབ་རེས་ཀྱི་ཆ་ངེས་ཅན་ལྡན་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་དང་ཕྱོགས་མཉམ་དུ་གནམ་གྲུའི་བོགས་གཏོང་དང་འགན་བཅོལ། སྨན་བཅོས། བདེ་ཐང་སོགས་ཞབས་ཞུའི་ཉོ་ཚོང་རྒྱ་བསྐྱེད་པ་དང་།  ལྗང་མདོག་ནུས་ཁུངས་དང་གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག      མི་སྣའི་འགྲོ་འོང་ལ་སྔར་ལས་སྟབས་བདེ་བསྐྲུན་པ་དང་།  མི་གཞུང་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་འདོད་ཡོད། མིག་སྔར། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨིར་ལན་གྱིས་ད་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས།  ཨིར་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

མ་ཏིང་གིས་བསྟན་དོན། ཨིར་ལན་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་བོར་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དང་།   དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་ཚོར་ཇེ་དྲག་ཏུ་བཏང་། ཨིར་ལན་གྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་འདོན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རིག་ལག་རྩལ། སྨན་བཅོས། ཞིང་ལས།  ལྗང་མདོག་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་སློབ་གསོ་དང་ས་གནས་སོགས་ཀྱི་མི་གཞུང་རིག་གནས་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཨིར་ལན་དུ་མ་དངུལ་འཇོག་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱས་ཏེ།  ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས།   འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཨིར་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

གྲོས་མོལ་གྱི་སྔོན་ལ།  ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མ་ཏིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲེང་ལུང་གོང་གི་བྱེད་སྒོར་ཞུགས།


པར་ལྡན་གཙོ་ཤོས། པར་ལྡན་སྲིད་དོན། པར་ལྡན་རྒྱལ་སྤྱི།